འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་15ཉིན།

༄༅།།ཁྲུང་ཆིང་གི་ཏང་ཡོན་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ཉེན་སེལ་དང་མང་ཚོགས་ལ་གནས་སྤོ་རོགས་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཙེང་ཧུའེ་དང་ཝང་ཤིན་གཡོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་15ཉིན། 09:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    “ངའི་ཨ་མ་ད་དུང་ཁྱིམ་དུ་ལུས་བསྡད་ཡོད”ཅེས་ཁྲུང་ཆིང་གྲོང་ཁྱེར་ཧྥེང་ཏུའུ་རྫོང་རེན་ཧྲ་གྲོང་རྡལ་ཧྲི་ཕན་ཐན་སྡེ་ཁུལ་གྱི་གྲོང་མི་ཐའོ་ཞའོ་ཡན་གྱིས་སེམས་ཁྲལ་ཆེན་པོས་བཤད།

    “སེམས་ཁྲལ་མ་བྱེད། ང་ཚོས་ལམ་སེང་ཕྱིན་ཆོག”ཅེས་རེན་ཧྲ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལི་ཞའོ་ཏུང་གིས་བཤད།

    ཟླ་7ཚེས་11ཉིན་གྱི་ཐོ་རེངས་ཀྱི་ཆུ་ཚོད་1པོ་ནས་ཞོགས་པའི་ཆུ་ཚོད་8པ་བར་དུ་ཧྥེང་ཏུའུ་རྫོང་ལ་དྲག་ཆར་བབས་ནས་རྫོང་ཡོངས་ཀྱི་ཁྲོམ་གཞུང་ཁག་ལ་ཆུ་སྐྱོན་སོགས་ཀྱི་གནོད་འཚེ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་བྱུང་ཞིང་། རླངས་འཁོར་ཆུས་བསྣུབས་པ་དང་། ཆུ་འཁྱིལ་ནས་འགྲོ་ལམ་ཆད་པ། མང་ཚོགས་ཁག་གཅིག་དཀའ་ཉེན་གྱི་ཁྲོད་དུ་ལུས་པ་ལ་སོགས་ཀྱི་གནས་ཚུལ་ཐོན་ཡོད། ཧྥེང་ཏུའུ་རྫོང་གིས་འཕྲལ་དུ་རྫོང་དང་། གྲོང་རྡལ། གྲོང་ཚོ(སྡེ་ཁུལ)བཅས་ཀྱི་དྲ་མིག་ཅན་གྱི་སྒོ་རྭའི“རིམ་ལྔ་མཉམ་འགུལ”ལམ་སྲོལ་ཛ་དྲག་ངང་ལག་ལེན་བསྟར་འགོ་བཙུགས་ཤིང་། ཤང་གྲོང(ཁྲོམ་གཞུང)30ཡིས་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་དང་། དྲ་མིག་པ། གཞི་རིམ་གྱི་ཡུལ་དམག་སོགས་མི་ཁྲི་1.07ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཏང་ཡོན་གྱི་འཕྲལ་རྒོལ་རུ་ཁག་འཛུགས་པ་དང་། ཏང་ཡོན་གྱི་དང་བླངས་དཔུང་ཁག་འཛུགས་པ། ཏང་ཡོན་གྱི་འགན་འཁྲིའི་ཁུལ་ཁག་བགོས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཉེན་སེལ་རྒུད་སྐྱོབ་དང་། མང་ཚོགས་གནས་སྤོ། སྐོར་གཡེང་ལས་རེས་སོགས་ཀྱི་ལས་དོན་ལ་ཛ་དྲག་ངང་ཞུགས་ཡོད།

    རེན་ཧྲ་གྲོང་རྡལ་དམའ་རིམ་སློབ་འབྲིང་གི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་ནས་ཐའོ་ཞའོ་ཡན་གྱི་ཁྱིམ་བར་དུ་ཐད་ཀའི་བར་ཐག་སྨི་150ཙམ་ལས་མེད་རུང་འགྲོ་ལམ་ཆུས་བསྣུབས་ནས་ཕར་འགྲོ་ཚུར་འོང་བྱེད་ས་མེད། ལི་ཞའོ་ཏུང་གིས་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་གི་མི་ལྔ་སྒྲིག་འཛུགས་བྱས་ནས་དེ་མ་ཉིད་དུ་ཆུ་ལོག་བྱུང་སར་རོགས་སྐྱོབ་བྱེད་པར་བསྐྱོད་ཅིང་། སྐབས་དེར་ཆུ་ལོག་གིས་ཐོག་སོ་དང་པོ་རྦད་དེ་བསྣུབས་ཟིན་མོད། འཕྲལ་སྒྲུབ་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་སྒྲིལ་ཡོལ་ལྕགས་སྒོ་ཕྱེ་བས། ཆུ་ཁང་པའི་ནང་དུ་དེ་མུར་རྒྱུག་པ་དང་ཆབས་ཅིག་ཁོ་ཚོས་ཆུ་རྐྱལ་རྒྱག་གིན་དུ་ཐོག་སོ་གསུམ་པའི་ཕྱོགས་སུ་བསྐྱོད།

“རྨོ་བོ་ཏའེ་ལགས། ཁྱེད་རང་འདིར་ཉལ་བཞུགས་དང་། ང་ཚོས་ཁྱེད་རང་བཀྱགས་ནས་ཕྱིན་ཆོག”ཅེས་མི་འགའ་ཞིག་གིས་མ་རྨོས་ལོ་ཏོག་བླུགས་སའི་ཞིང་ལས་ཡོ་ཆས་སྤྱད་དེ་འགྱོག་བྱམས་སྟབས་བདེ་ཞིག་བཟོས་ནས་རྨོ་བོ་ལགས་ཕྱིར་དབོར་རྒྱུའི་གྲབས་བྱས། སྐབས་དེར་ཆུའི་གཏིང་ཚད་སྨི་1.6ཟིན་པ་མ་ཟད། ད་དུང་རྒྱུན་ཆད་མེད་པར་ཆུ་ཁ་མཐོ་རུ་སོང་། མདུན་དུ་འགྲོ་མཁན་ལི་ཞའོ་ཏུང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་རྗེས་བགྲེས་སོང་བདེ་འཇགས་ཁུལ་དུ་སྤོས།

    འབྲུབ་ཆུའི་གནས་ཚུལ་ནི་བཀའ་རྒྱ་ཡིན། ཉེན་ཁ་ཆེ་བའི་གནས་ཚུལ་གྱི་མདུན་དུ་ཧྥེང་ཏུའུ་རྫོང་གི་ཏང་ཡོན་ལས་བྱེད་པ་མང་པོས་ཐེ་ཚོམ་སྤུ་ཙམ་མེད་པར་མདུན་དུ་ཤོར།

    ཆིང་ལུང་ཤང་ཧོང་ལིང་གྲོང་ཚོར་ས་ཆ་མང་པོ་ཆུས་བསྣུབས་པ་དང་འགྲོ་ལམ་ཆུས་འཁྱེར་བའི་དུས་སུ། ཧོང་ལིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུའུ་ཅེས་གྲོང་ཚོའི་ལམ་མདོར་བསྡད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁ་འགྲེམས་བཀོད་སྒྲིག་ལ་བྲེལ། “འབྲུབ་ཆུ་རྒྱས་པའི་དུས་སུ་སླེབས་པ་ནས་བཟུང་དགོང་མོ་ཆར་པ་ཆེན་པོ་བབས་ན་གཉིད་གཏན་ནས་ཁུག་གི་མི་འདུག ད་ལྟ་རང་ཛ་དྲག་གི་ལས་འགན་སྒྲུབ་པར་བསྐྱོད་རྒྱུའི་བརྡ་ཐོ་འབྱོར་མི་ཡོང་ངམ་སྙམ་གྱི་འདུག”ཅེས་ཕུའུ་ཅེས་བཤད།

    སྤྱི་ལེ་20ལྷག་ཙམ་གྱི་ཕྱི་རོལ་དུ་ཡོད་པའི་རེན་ཧྲ་གྲོང་རྡལ་ཏ་ཀུའུ་པ་གྲོང་ཚོར་ཟླ7ཚེས11ཉིན་གྱི་ཞོགས་པ་སྔ་པོ་ནས་དངངས་སྐྲག་ཆེན་པོས་སྒོ་རྡུང་བའི་སྒྲ་ཞིག་གྲགས།

     “མགྱོགས་པོ་ཡར་ལོངས་དང་། ཆུ་རྒྱས་འདུག ཚང་མ་མགྱོགས་པོ་ཕྱིར་དོན་ཤོག”ཅེས་ཏ་ཀུའུ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐའོ་ཧྥེས་ཏང་ཡོན་ལྔ་ཡི་སྣེ་ཁྲིད་དེ་ད་དུང་ཕྱིར་འཐེན་མ་བྱུང་བའི་གྲོང་མིའི་ཁྱིམ་གྱི་སྒོ་རེ་རེ་བཞིན་རྡུང་གིན་མི་རྣམས་གཉིད་ལས་དཀྲོག་ཐབས་བྱས། གྲོང་མི་ལུའོ་ཡིའུ་ཀྲེན་རྣ་ཅོག་ཁྲོག་ཁྲོག་ཡིན་པའི་སྒང་ལ་ཁེར་རྐྱང་དུ་ཡིན་པས། གྲོང་མི་མང་ཆེ་བ་དང་མཉམ་དུ་ཁ་འགྲེམས་གནས་སྤོ་བྱེད་ཐུབ་མེད། སྟབས་ལེགས་པ་ཞིག་ལ་ཐའོ་ཧྥེ་དང་བཅས་པ་སྒོ་རྩར་བསྐྱོད་ནས་སྒོ་རྡུང་སྐབས་ད་གཟོད་ཁོ་མོ་ད་དུང་ཁྱིམ་དུ་ལུས་ཡོད་པ་ཤེས།

    “དངངས་སྐྲག་སྐྱེས་ནས་ཡར་ལངས་ཐུབ་ཀྱི་མི་འདུག”ཅེས་ལོ་86ལ་སླེབས་པའི་ལུའོ་ཡིའུ་ཀྲེན་གྱིས་དངངས་འཚབ་ཆེན་པོས་བཤད། “དངངས་འཚབ་བྱེད་དགོས་མ་རེད། ང་ཚོས་ཐབས་ཤེས་བཏང་ཆོག”ཅེས་ཐའོ་ཧྥེས་ལུའོ་ཡིའུ་ཀྲེན་ལ་སེམས་གསོ་གཏོང་ཞོར་སྐེད་པ་ཙམ་དུ་སླེབས་པའི་ཆུ་ལོག་བརྒལ་ཏེ་ཏང་ཡོན་གཞན་ཚོ་དང་གཡས་གཞོགས་གཡོན་འདེགས་བྱས་ནས་ལུའོ་ཡིའུ་ཀྲེན་བདེ་འཇགས་ཁུལ་དུ་སྤོས།

ཚེས་12ཉིན་གྱི་ཉིན་དགུང་ཆུ་ཚོད་12བར་ལ་ཧྥེང་ཏུའུ་རྫོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཁྱོན་5322གནས་སྤོ་བྱས་པ་དང་མི་1894གནས་སྤོས་བཀོད་སྒྲིག་བྱས་པ་རེད།