འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་14ཉིན།

༄༅།།ཞི་ཅིན་ཕིང་གིས་ཝ་ནུ་ཨ་ཐུའི་ཙུང་ལི་སར་ཝེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་14ཉིན། 10:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་7ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝ་ནུ་ཨ་ཐུའི་ཙུང་ལི་སར་ཝེ་དང་མཇལ་འཛོམས་གནང་བ།

ཟླ་7ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝ་ནུ་ཨ་ཐུའི་ཙུང་ལི་སར་ཝེ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝ་ནུ་ཨ་ཐུའི་ཙུང་ལི་སར་ཝེ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་སར་ཝེ་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་ཝའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུགས་ནུས་གལ་ཆེན་བཏོན་པར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་ཝ་ནུ་ཨ་ཐུ་ནི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་དང་ས་ཁུལ་གྱི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་ཝའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་42སོང་རིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཡུན་རིང་ལ་བརྟན་པ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རེས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཝའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཝ་ནུ་ཨ་ཐུ་ཕྱོགས་དང་མཉམ་དུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་དང་ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་ཝའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝ་ནུ་ཨ་ཐུ་ཕྱོགས་དང་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་སྒྲིག་བཀོད་དང་། དཔལ་འབྱོར་ཚོང་དོན་དང་མ་འཇོག གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། ཀྲུང་གོའི་ཁེ་ལས་ཝ་ནུ་ཨ་ཐུར་བསྐྱོད་ནས་མ་འཇོག་མཉམ་ལས་བྱེད་པར་སྐུལ་ལྕག་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝ་ནུ་ཨ་ཐུ་ལ་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པའི་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་མུ་མཐུད་བྱས་ནས་ཝ་ནུ་ཨ་ཐུ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུར་བསྐྱོད་པར་རོགས་རམ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་པ་དང་། ལ་རྒྱ་དང་ཁེ་ཕན་མཉམ་གནས་དང་ལ་རྒྱ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཆེན་པོའི་དབར་འགྲན་རྩོད་མི་བྱེད་པ། ས་འབྲེལ་སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཐོབ་ཐབས་མི་བྱེད་པ། རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། རྒྱལ་ཁབ་གཞན་རང་ཉིད་ཀྱི་ཕྱོགས་སུ་བཙན་ཐབས་ཀྱིས་ལངས་སུ་མི་འཇུག་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་གཞུང་དྲང་དྲང་བདེན་གྱི་ཕྱོགས་སུ་ལངས་ཡོད། ཀྲུང་གོ་ནི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་དང་། ས་ཁུལ་གྱི་ཞི་བདེ་མཉམ་གནས། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་མཁན་དང་ལེགས་སྐྱེས་འབུལ་མཁན་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཀྲུང་གོའི་འདེམས་ཤོག་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དབང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཟུར་ཚད་ཐོག་ནས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་མཐོང་ཆེན་བྱེད་ཀྱི་ཡོད་ལ། གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་མུ་མཐུད་ནུས་པས་ལྕོག་ཚོད་ཀྱིས་རོགས་རམ་བྱས་ཏེ་གླིང་ཕྲན་རྒྱལ་ཁབ་ཀྱིས་རང་བདག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མགྱོགས་མྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

སར་ཝེ་ཡིས་ཝ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་42སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཤུགས་ཆེན་འགྲོ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་རྒྱལ་ཁབ་མཐུན་སྒྲིལ་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བཞིན་ཡོད་པ་དེར་ཝ་ནུ་ཨ་ཐུ་ཕྱོགས་ཀྱིས་ཡི་རང་ཚད་མེད་ཞུ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དེ་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལག་ལེན་བསྟར་ནས་ཝ་ནུ་ཨ་ཐུ་ལྟ་བུའི་རྒྱལ་ཁབ་ཆུང་གྲས་ལ་ལྟ་སྟངས་གཅིག་མཚུངས་འཛིན་པ་དེ་ཐོག་ནས་འདྲ་མཉམ་དང་བརྩི་འཇོག་བྱེད་པ་གང་ལེགས་མངོན་ཡོད། ཝ་ནུ་ཨ་ཐུ་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་བྱས་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཤིན་ཅང་དང་། ཤང་ཀང་། བོད། འགྲོ་བ་མིའི་ཐོབ་ཐང་། ལྷོ་རྒྱ་མཚོ་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝ་ནུའུ་ཨ་ཐུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་ཀྲུང་ཝའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།