གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་10ཉིན། 10:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཅང་སུའུ་དུས་རབས་མིག་དཔེ་མཉམ་སྡེབ་དང་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི“སྙིང་སྐྱོབ་ལས་གྲྭའི”ཚོགས་པའི་ཁོངས་མིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཆུས་གསུམ་དང་དེ་བཞིན་རྫོང་ལྔ་རུ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་427གྱི་སྙིང་བརྟག་དཔྱད་བྱས་པ་དང་། བྱིས་པ་40ཐོག་མར་གཤགས་བཅོས་བྱེད་དགོས་པ་རྩད་ཆོད་པ་མ་ཟད། དུས་འགོའི་ནན་ཅིང་དུ་གཤགས་བཅོས་བྱས་པའི་བྱིས་པ་ཁག་གཅིག་ལ་བསྐྱར་ཞིབ་ཀྱང་བྱས་པ་རེད།
ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པ་ནི་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་ལྗོངས་ཡོངས་ཀྱི་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་ལས་དོན་ལ་མཛུབ་ཁྲིད་དང་མཐར་ཕྱིན་སྨན་བཅོས་བྱེད་པའི་གནས་གཏན་འཁེལ་གྱི་རོགས་སྐྱོབ་ཚན་པ་ཞིག་རེད། 2019ལོ་ནས་བཟུང་བོད་ལྗོངས་སུ་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་ལས་དོན་སྤེལ་བ་དང་། མིག་སྔའི་བར་བོད་ལྗོངས་སུ་བསྐྱོད་ནས་བརྟག་དཔྱད་ཐེངས་7བྱས་པ་དང་། སློབ་ལོ་ལོན་པའི་སློབ་མ་དང་ནད་དོགས་པ་ཡོད་པའི་བྱིས་པ་ཁྲི་1ཙམ་ལ་བརྟག་དཔྱད་བྱས་པ། ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་བྱས་པའི་བྱིས་པ་200ཙམ་ལ་རིན་མི་དགོས་པར་སྨན་བཅོས་བྱས་པ་རེད།
བྱེད་སྒོའི་སྣེ་ཁྲིད་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་ཀེང་ཀྲིས“བརྟག་དཔྱད་དང་སྐྱོབ་བཅོས་ཀྱི་བྱེད་སྒོ་དེ་ང་ཚོས་མུ་མཐུད་སྤེལ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་ཡི“སྙིང་སྐྱོབ་ལས་གྲྭའི”2014ལོར་ལག་བསྟར་བྱས་པ་ནས་བཟུང་། སྔ་རྗེས་སུ་ཤིན་ཅང་དང་། མཚོ་སྔོན། བོད་ལྗོངས་སོགས་སུ་བསྐྱོད་དེ་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཁྲི་15ལྷག་ཙམ་ལ་བརྟག་དཔྱད་དང་སྨན་བཅོས་བྱས་པ་དང་། རིམ་རྩིས་བྱས་ན་མི་ཁྲི་15ལྷག་ཙམ་ལ་བརྟག་དཔྱད་བྱས། འོས་འགན་སྨན་བཅོས་དང་ཚན་རིག་ཁྱབ་གདལ་འཆད་ཁྲིད་ཐེངས་600ལྷག་ཙམ་བྱས་པ། རྫོང་དང་ཤང་གི་གཞི་རིམ་སྨན་དོན་མི་སྣ་ཁྲི་1ལྷག་ཙམ་ལ་གསོ་སྦྱོང་བྱས། གཅེས་སེམས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བསྡུ་རུབ་བྱས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་1800ལྷག་ཙམ་ལ་རོགས་སྐྱོབ་བྱས་པ་རེད།
“ན་ནིང་ཅང་སུའུ་ཡི་རིགས་གཅིག་མཁས་ཅན་ནང་ས་ནས་འདི་རུ་ཡོང་ནས། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་བྱེད་སྐབས། ངའི་བུ་ལ་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་རྟགས་གཏན་འཁེལ་བྱུང་བ་དང་། རྗེས་སུ་ང་ཚོ་ནན་ཅིང་དུ་ཁྲིད་ནས་རིན་མི་དགོས་པར་སྨན་བཅོས་བྱས་པས་གཤགས་བཅོས་ལེགས་འགྲུབ་བྱུང་ཡོད། དེ་རིང་ཁོང་ཚོས་སླར་ཡང་ཕྲུ་གུར་བསྐྱར་བཤེར་བྱས་པས་ཕྲུ་གུ་སླར་གསོ་ཡག་པོ་བྱུང་ཞེས་བརྗོད་པས་ང་ཧ་ཅང་དགའ་པོ་བྱུང་། ཅང་སུའུ་ཡི་རིགས་གཅིག་མཁས་ཅན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཁྱིམ་བདག་དངོས་གྲུབ་ནོར་བུས་དེ་ལྟར་བཤད།