གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་09ཉིན། 15:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་8ཉིན་གསར་འགོད་པས་ཁྲུང་ཆིང་གྲོང་ཁྱེར་ཧོ་ཁྲོན་ཆུས་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅུས་དེས་ཚན་རྩལ་བྱ་ཐབས་དང་སྲོལ་རྒྱུན་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཡུན་ནན་ཞིང་ཆེན་ནས་ལོ་24རིང་བྲོས་བྱོལ་དུ་སོང་བའི་མི་གསོད་གྱོད་གཞིའི་བྲོས་བྱོལ་ཉེས་ཅན་ལིའུ་ཀང་(བཏགས་མིང་)བཟུང་བ་རེད།
བྲོས་བྱོལ་ཉེས་ཅན་དེ་ལོ་ཉི་ཤུ་ལྷག་ཙམ་བྲོས་བྱོལ་དུ་ཕྱིན་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་བྲོས་བྱོལ་རྗེས་འདེད་འཛིན་བཟུང་གི་ལས་དོན་ཐེངས་མང་སྤེལ་ཡང་དེའི་རྗེས་ཤུལ་མ་རྙེད། ཆེད་དམིགས་གྱོད་དོན་མི་སྣས་ཡང་བསྐྱར་ཞིབ་འཇུག་དང་བརྡར་ཤ་གཅོད་པ་བརྒྱུད། བྲོས་བྱོལ་ཉེས་ཅན་དེའི་མིང་བརྗེས་ཡོད་པར་འདོད་དེ། ཆེད་དོན་གྱོད་དོན་མི་སྣས་སླར་ཡང་བྲོས་བྱོལ་ཉེས་ཅན་དེའི་གྱོད་གཞི་ཐོན་རྗེས་བྲོས་བྱོལ་བྱེད་སྲིད་པའི་ཁ་ཕྱོགས་དང་། ཁྱིམ་ཚང་། སྤྱི་ཚོགས་ཀྱི་འབྲེལ་བ་བཅས་ལ་དམིགས་ནས་ཁྱོན་ཡོངས་ནས་གསེད་བཀྲོལ་བྱས་པ་དང་རྨང་གཞིའི་ལས་དོན་འབོར་ཆེན་སྤེལ་བ་དང་འབྲེལ་གཞི་གྲངས་ཆེན་པོར་དབྱེ་ཞིབ་དང་ཟུང་འབྲེལ་བྱས་མཐར་བྲོས་བྱོལ་ཉེས་ཅན་དེ་ཡུན་ནན་ཆུས་ཅིང་དུ་བྲོས་བྱོལ་དུ་སོང་བ་གཏན་འཁེལ་བྱས་པ་རེད།
ཟླ་7ཚེས་3ཉིན། ཆེད་དོན་གྱོད་དོན་མི་སྣས་མཚན་མོ་རླངས་འཁོར་བཏང་ནས་ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་དུ་བསྐྱོད་པ་དང་། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག་ལོ་24རིང་བྲོས་བྱོལ་དུ་སོང་བའི་མི་གསོད་གྱོད་གཞིའི་བྲོས་བྱོལ་ཉེས་ཅན་ལིའུ་ཀང་བཟུང་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཉེས་གསོག་དོགས་གནད་ཆེ་བའི་སྐྱེ་བོ་ལིའུ་ཀང་གིས་2000ལོའི་ཟླ་7པའི་ཚེས་16ཉིན། ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིན་པ་ཁུལ་དུ་རྩོད་གླེང་གི་དབང་གིས་ཀྲེན་ལུན(བཏགས་མིང)བསད་པའི་ཉེས་གསོག་དོན་དངོས་ངོས་ལེན་བྱས།
མིག་སྔར། ཉེས་གསོག་དོགས་ཅན་ལིའུ་ཀང་ཁྲུང་ཆིང་དུ་བཀག་སྐྱིལ་བྱས་པ་དང་འབྲེལ་ཉེས་དོན་བཀག་ཉར་བྱས་ནས་གྱོད་གཞི་རིམ་གྱིས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།