འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་9ཉིན།

༄༅།།ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཀྱིས་དཀར་མཛེས་ཀྲོའུ་དཔལ་ཡུལ་རྫོང་གི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱས་པ།

སྔོན་ཐོན་སྨན་བཅོས་ལག་རྩལ་སློབ་ཁྲིད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་09ཉིན། 13:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མིང་ཧྥུང་།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་ཁྲག་བསིང་ལྟེ་གནས་བཙུགས་པ་དེ་ནི་དཔལ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བའི་མཚོན་བྱེད་ཙམ་ཞིག་རེད། ཁྲག་བསིང་ལྟེ་གནས་བཙུགས་རྗེས་ཁྲག་བསིང་ཁང་གི་ནད་པ་170ལྷག་ཙམ་གྱི་ཁྲག་བསིང་སྨན་བཅོས་འགན་ལེན་ཐུབ་པས་རྫོང་ཡོངས་ཀྱི་མཁལ་ནུས་ཉམས་པའི་ནད་པ་120ལྷག་ཙམ་རྫོང་ནས་ཁ་བྲལ་མི་དགོས་པར་སྨན་བཅོས་ཐུབ་ཡོད།

“ད་ཆ་ཁྱིམ་གྱི་སྒོ་རྩར་སྨན་པ་བསྟེན་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག” ཟླ7ཚེས1ཉིན་སྨན་པ་བསྟེན་མ་ཐག་པའི་དབྱངས་སྐྱིད་སྒྲོལ་མ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་མི་དམངས་སྨན་ཁང་ནས་ཐོན་སྐབས་བློ་ཡིད་ཚིམ་པའི་རྣམ་འགྱུར་དང་བཅས་དེ་ལྟར་བཤད།

དེ་དང་འདྲ་བར་བློ་ཡིད་ཚིམ་པོ་བྱུང་བའི་ནད་པ་ད་དུང་ཟླ་ཆུང་ཡོད། མཁལ་ནུས་ཉམས་པས་ཁོང་གཟའ་འཁོར་རེར་ཟུངས་ཁྲག་བསིང་བཅོས་ཐེངས་གསུམ་རེ་བྱེད་དགོས་ཀྱི་ཡོད། དེ་སྔ་སྨན་བཅོས་བྱ་ཆེད་ཁོང་ལམ་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པའི་བདེ་དགེ་རྫོང་དུ་འགྲོ་བར་དཀའ་ཚེགས་ཆེ་ལ་འགྲོ་སོང་ཡང་ཆེན་པོ་ཡོད། འདི་ལོའི་ཟླ་བ་དང་པོར་དཔལ་ཡུལ་རྫོང་མི་དམངས་སྨན་ཁང་གི་ཁྲག་བསིང་ལྟེ་གནས་སྤྱོད་འགོ་ཚུགས་པ་དེས་ཁོང་དང་འདྲ་བའི་མཁལ་ནུས་ཉམས་པའི་ནད་པ་མང་པོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

“ད་ཆ་སྒོ་འགྲམ་དུ་ཁྲག་བསིང་སྨན་བཅོས་ཁང་ཡོད་པས་ལོ་ལྟར་འགྲོ་སོང་སྒོར་ཁྲི་2ཙམ་གྲོན་ཆུང་ཐུབ་ཀྱི་འདུག”ཁྲག་བསིང་སྨན་བཅོས་བྱེད་བཞིན་པའི་ཟླ་ཆུང་གིས་ང་དང་འདྲ་བའི་ནད་པ་མང་པོ་ཞིག་ཐག་ཉེ་ས་ནས་ཆེད་ལས་དང་སྟབས་བདེའི་ཁྲག་བསིང་སྨན་བཅོས་ཀྱི་ཞབས་འདེགས་ལོངས་སྤྱོད་ཐུབ་ཀྱི་འདུག་ཅེས་བཤད།

དཔལ་ཡུལ་རྫོང་ཁྲག་བསིང་ལྟེ་གནས་བཙུགས་པ་དེ་ནི་དཔལ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བའི་མཚོན་བྱེད་ཙམ་ཞིག་རེད། “ཁྲག་བསིང་ལྟེ་གནས་བཙུགས་རྗེས་ཁྲག་བསིང་ཁང་གི་ནད་པ་170ལྷག་ཙམ་གྱི་ཁྲག་བསིང་སྨན་བཅོས་འགན་ལེན་ཐུབ་པས་རྫོང་ཡོངས་ཀྱི་མཁལ་ནུས་ཉམས་པའི་ནད་པ་120ལྷག་ཙམ་རྫོང་ནས་ཁ་བྲལ་མི་དགོས་པར་སྨན་བཅོས་ཐུབ་ཡོད” དཔལ་ཡུལ་རྫོང་མི་དམངས་སྨན་ཁང་གི་སྨན་དོན་ཁོའོ་ཡི་ཁོའོ་ཀྲང་ཤུའེ་ཁང་གིས། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཀྱི་རོགས་རམ་འོག་དཔལ་ཡུལ་རྫོང་མི་དམངས་སྨན་ཁང་གི་ཁྲག་བསིང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཁྲག་བསིང་ལྟེ་གནས་ཕུད། ད་དུང་ཉེན་ཚབས་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་བཙས་མ་ཐག་གི་སྐྱེད་མ་སྐྱོབ་བཅོས་ལྟེ་གནས་དང་། ཉེན་ཚབས་ཆེ་བའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་ཀྱང་བསྐྲུན་ཡོད”ཅེས་བཤད།

“ཉེ་བའི་ལོ་གཉིས་རིང་ཝུའུ་ཧོའུ་ཆུས་ཀྱིས་རོགས་སྐྲུན་མ་དངུལ་སྒོར་ཁྲི་1750བཏང་ནས་ICUནད་ཁང་རྒྱས་སྐྲུན་རིམ་སྤོར་བྱས་པ་དང་། གཤགས་བཅོས་ཁང་གི་དེང་རབས་ཅན་སྒྱུར་བཀོད་དང་རིག་ལྡན་སྨན་ཁང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྤྱད་པ་རེད” ཝུའུ་ཧོའུ་ཆུས་ཀྱི་ཁག་བདུན་པའི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་རུ་མི་དཔལ་ཡུལ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡུས་ཅང་གིས། 2023ལོའི་ལོ་མཇུག་ཏུ་ཉེན་ཚབས་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་སྐྱེ་མ་ཐག་གི་སྐྱེད་མ་སྐྱོབ་བཅོས་ལྟེ་གནས་དང་། ཉེན་ཚབས་ཆེ་བའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་སོགས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་མ་ཟད། ད་དུང་སྨན་བཅོས་གསོ་སྦྱོང་གཏིང་ཟབ་དང་དེ་བཞིན་ཁ་གཏད་རོགས་སྐྱོར་སྨན་ཁང་དང་སྤེལ་རེས་དམ་ཟབ་བྱས་པ་བརྒྱུད་ཚད་ལྡན་ཅན་གྱི་སྨན་བཅོས་བརྒྱུད་རིམ་རབ་དང་རིམ་པ་ཆགས་ཡོད།

ཤུའེ་ཁང་གིས“2014ལོ་ནས་བཟུང་ཝུའུ་ཧོའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་འོག་རྫོང་མི་དམངས་སྨན་ཁང་གིས་ཕྱི་ནད་ཚན་ཁག་དང་། བུད་མེད་དང་བུ་བཙའི་ཚན་ཁག བྱིས་པའི་ཚན་ཁག དྲག་སྐྱེད་ཚན་ཁག ཁ་སྦུག་ཚན་ཁག ཞིབ་བཤེར་ཚན་ཁག་སོགས་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྔ་རྗེས་སུ་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་68སྤེལ་ཡོད”ཅེས་བཤད། ལས་དོན་རུ་ཁག་གིས་དཔལ་ཡུལ་རྫོང་གི་སྨན་དོན་པ་དང་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་བཙུགས་ནས་གསོ་སྦྱོང་དང་གཤགས་བཅོས་ཀྱི་དཔེ་སྟོན་དམར་ཁྲིད་མང་པོ་བྱས་ཏེ་ས་གནས་དེ་གའི་སྨན་བཅོས་ལག་རྩལ་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་ལས་དོན་རུ་ཁག་གིས་ད་དུང་ས་གནས་དེ་གའི་སྨན་དོན་རྐང་འཛིན་པའི་ཟབ་སྦྱོང་དང་སློབ་སྦྱོང་སྒྲིག་འཛུགས་བྱས་པ་དང་འབྲེལ། ཤང་དང་གྲོང་རྡལ་གྱི་སྨན་དོན་པ་གོང་རིམ་དང་འོག་རིམ་དུ་སྐྱོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལྟེ་གནས་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད།

ཉེ་བའི་ལོ་ཤས་རིང་ཝུའུ་ཧོའུ་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་དཔལ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཞབས་ཞུའི་ནུས་པ་ཧ་ཅང་ཆེ་རུ་ཕྱིན་པས། ས་གནས་དེ་གའི་མི་སེར་སྒོ་འགྲམ་དུ་སྨན་པ་བསྟེན་རྒྱུ་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད།

(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)