འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་7ཉིན།

༄༅།།ཞི་ཅིན་ཕིང་གིས་ཧུའུ་ནན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུའི་འཐབ་ས་དང་པོའི་རགས་ཁ་ཤོར་བར་མཛུབ་སྟོན་གལ་ཆེན་གནང་བ།

ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་07ཉིན། 12:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། ཧུའུ་ནན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཤང་ཐོན་པེ་གྲོང་ཚོའི་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུའི་ས་ཕྱོགས་མདུན་མའི་རགས་ཁ་ཤོར་ཏེ་ཆུ་རགས་ཁུལ་བསྣུབས་པ་དང་ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བདེ་འཇགས་ངང་གནས་སྤོ་བྱས་པ་རེད།

གནོད་འཚེ་ཐོན་རྗེས། ཕྱི་རྒྱལ་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་གནང་སྟེ། ཧུའུ་ནན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུའི་རགས་ཁ་ཤོར་བའི་ས་ཁུལ་གྱི་མང་ཚོགས་དུས་ཐོག་ཏུ་གནས་སྤོས་བྱས་ནས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལས་དོན་ཚོགས་ཆུང་མངགས་ནས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཤིང་། ཞི་ཅིན་ཕིང་གིས་རང་རྒྱལ་ཕྱོགས་ཡོངས་ནས་འབྲུབ་ཆུ་རྒྱས་པའི་དུས་སུ་སླེབས་པ་ནས་བཟུང་ས་གནས་ཁག་གཅིག་ལ་ཆར་པ་འབབ་མང་བ་དང་འབབ་ཡུན་རིང་བ་དང་། འབྲུབ་འགོག་གི་དུས་བབ་ཛ་དྲག་པོ་ཡོད་པ་མ་ཟད། ལྷག་པར་དུ་ཆུ་རགས་ལ་ཆུའི་གནོན་ཤུགས་ཕོག་པའི་དུས་ཡུན་རིང་དྲགས་ན་སྲུབས་ཀ་ཤོར་བ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་སླ་བས་ཉེན་ཁ་ཅུང་ཆེ་བའི་མངོན་མེད་རྐྱེན་ངན་གནས་ཡོད། འབྲེལ་ཡོད་ས་གནས་ཀྱི་ཏང་ཨུད་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་སྤེལ་བ་དང་། ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁར་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་འཕྲལ་དུ་ཐག་གཅོད་བྱས་ཏེ་འབྲུབ་འགོག་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་བཀོད་སྒྲིག་ལས་དོན་ཡག་པོ་སྤེལ་བ་དང་། ཉེན་ཁའི་གནས་ཚུལ་ཚབས་ཆེར་འགྲོ་བར་ཚོད་འཛིན་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བཅས་བྱེད་པ་དང་དུས་མཚུངས། ཆུ་རགས་སྐོར་ཞིབ་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་སྔོན་བརྡ་སྔོན་ཟོན་གཏོང་བ་དང་གྲོས་མོལ་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲུབ་ཆུ་རྒྱས་པའི་དུས་སྐབས་བདེ་འཇགས་ངང་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། ཆུ་བེད་པུའུ། འཕྲལ་སྡོམ་དོ་དམ་པུའུ་བཅས་ཀྱིས་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པར་བཏང་ཡོད། ཧུའུ་ནན་ཞིང་ཆེན་དང་གཡོད་དབྱང་གྲོང་ཁྱེར་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གྱིས་ས་གནས་ས་ཐོག་ཏུ་ཉེན་སེལ་རོགས་སྐྱོབ་ལ་བཀོད་འདོམས་བྱེད་བཞིན་ཡོད་ཅིང་། མིག་སྔར་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད།

(ཚེ་ཁོས་བསྒྱུར། ལྷག་ཚེ་དང་ཚེ་ཁོས་ཞུས)