གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་07ཉིན། 12:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུ་ཤང་པེའི་ཙུང་ཐུང་ལས་ཤག་ཏུ་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ་རེད། ལཱ་ཧོ་མོང་གིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད། འདི་ནི་ཞི་ཅིན་ཕིང་གིས་ལཱ་ཧོ་མོང་གི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དུ་ཤང་པེ་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུ་ཤང་པེའི་ཙུང་ཐུང་ལས་ཤག་ཏུ་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དུས་རབས་གསར་པའི་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཙུང་ཐུང་ལས་ཤག་མདུན་གྱི་ཐང་ཆེན་དུ་ཕེབས་འབྱོར་ཟིན་སྐབས། ལཱ་ཧོ་མོང་གིས་རླངས་འཁོར་འབབ་སར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།
ལཱ་ཧོ་མོང་གིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་གཟིགས་ཞིབ་སྟེགས་བུའི་ཐོག་འཛེགས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཐ་ཇིག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གིས་ལཱ་ཧོ་མོང་གི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་སྐབས་ཐ་ཇིག་སི་ཐན་གྱི་སྐད་ནས“ཚང་མ་སྐུ་ཁམས་བཟང”ཞེས་འཚམས་འདྲི་གནང་བ་དང་། གཟབ་སྦྲེང་རུ་ཁག་གི་རུ་མི་ཚོས་ཐ་ཇིག་སི་ཐན་གྱི་སྐད་ནས“ཁམས་བཟང་། སྐུ་ཞབས་ཀྲུའུ་ཞི་ལགས”ཞེས་མགྲིན་གཅིག་ཏུ་འཚམས་ལན་ཞུས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣ་དང་རེ་རེ་བཞིན་ཕྱག་བཏང་ནས་གུས་ལན་མཚོན་པར་བྱས་ཤིང་། དེ་རྗེས་ལྷན་དུ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་བ་རེད།
དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྔ་རྗེས་སུ་ཁྱབ་ཁོངས་ཆུང་བའི་གྲོས་མོལ་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཁ་སང་དགོང་མོ་སྐུ་ཞབས་ཙུང་ཐུང་གིས་རང་ཉིད་ལ་གནམ་ཐང་དུ་གུས་ལུགས་མཐོ་ཤོས་ཀྱི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་དེ་ཐོག་ནས་ཐ་ཇིག་སི་ཐན་གྱི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོར་བཅངས་པའི་བརྩེ་སེམས་དང་མཛའ་གྲོགས་གང་ལེགས་མཚོན་ཐུབ་པས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཐ་ཇིག་སི་ཐན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་ཀྲུང་གོ་ཕྱོགས་དགའ་ཚོར་ཆེན་པོ་སྐྱེས་བྱུང་ལ། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་མཛའ་གྲོགས་གཉིས་ཕན་མཉམ་ལས་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་དང་། ཐ་ཇིག་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཐ་ཇིག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་གང་རུང་གིས་ཁ་གཡར་ས་གང་རུང་ལ་བརྟེན་ནས་ཐ་ཇིག་སི་ཐན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ནི་ནམ་ཡང་ཐ་ཇིག་སི་ཐན་གྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་། གཙིགས་ཆེ་བའི་རོགས་ཟླ། སྙིང་ཉེ་བའི་སྤུན་ཟླ་བཅས་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་ལ་འཕེལ་རྒྱས་ཀྱི་ཉམས་མྱོང་དང་གོ་སྐབས་སྤེལ་རེས་དང་མཉམ་སྤྱོད་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་དང་གཞི་ཁྱོན་ཆེ་རུ་གཏོང་བ། ཕན་ཚུན་གྱི་སྦྲེལ་མཐུད་མཉམ་ལས་ལེགས་སུ་གཏོང་བ། ཞིང་ལས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། འགག་རྩའི་གཏེར་ཁའི་ཐོན་ཁུངས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ནུས་རྒྱུ་གསར་པ་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། ཐ་ཇིག་སི་ཐན་ཕྱོགས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཁྲིམས་སྒྱུར་བདེ་འཇགས་སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“ངན་ཤུགས་གསུམ”ལ་རྡུང་རྡེག་ནུས་ལྡན་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་ད་དུང་གཞོན་ནུ་དང་། སྨྱན་སྦྱོར། ཇུས་འདོན་ཚོགས་པ། བུད་མེད། ཡུལ་སྐོར་སོགས་མི་ཆོས་རིག་གནས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ནི་རྒྱལ་ཁབ་དྲུག་པོས་ཐུན་མོང་ཐོག་གསར་གཏོད་བྱས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ཟམ་མི་ཆད་པར་ལེགས་སུ་དང་སྟོབས་ཆེར་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཐ་ཇིག་སི་ཐན་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་རྒྱ་ཆེའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པ་བཅས་བྱེད་དགོས།
ལཱ་ཧོ་མོང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་ནས་ལོ་བཅུ་འཁོར་བའི་མཚམས་སུ་སླར་ཡང་འཚམས་འདྲིར་ཕེབས་པར་མཚོན་བྱེད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ཐ་ཇིག་སི་ཐན་ནི་མཛའ་གྲོགས་ཁྱིམ་མཚེས་དང་ལྷག་བསམ་རྣམ་དག་གི་གྲོགས་པོ་ཡིན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག ཉེ་བའི་ལོ་ཤས་རིང་། ཐ་ཇིག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་ཕྱོགས་མང་སྒྲིག་གཞིའི་ཁྲོད་ཆུ་ཚད་མཐོ་བའི་འབྲེལ་མཐུད་མཐུན་སྦྱོར་རྒྱུན་འཁྱོངས་ཐུབ་ཡོད། ཐ་ཀྲུང་གི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཀྲུང་གོའི་མི་དམངས་ཀྱི་གུས་བཀུར་ཞུ་ཡུལ་དང་འཛམ་གླིང་མི་དམངས་ཀྱི་བརྩི་འཇོག་ཐོབ་པའི་འཛམ་གླིང་རིམ་པའི་འགོ་ཁྲིད་པ་ཞིག་རེད། དུས་རབས་གསར་པར་སླེབས་པ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བ་དང་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ནས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ཀྲུང་གོ་དང་མཉམ་དུ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་ནི་ཐ་ཇིག་སི་ཐན་ཕྱོགས་ཀྱི་སྔོན་བསྟར་སྲིད་ཇུས་ཀྱི་ཁ་ཕྱོགས་ཤིག་ཡིན། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྟན་པོར་བསྲུངས་ཏེ་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་མངོན་འགྱུར་བྱ་ཆེད་གནང་བའི་འབད་བརྩོན་ཐམས་ཅད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དེ་གོ་སྐབས་གལ་ཆེན་ཞིག་ལ་བརྩིས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཕན་ཚུན་སྦྲེལ་མཐུད་དང་། ཞིང་ལས། འགག་རྩའི་གཏེར་ཁ། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། ཐ་ཇིག་སི་ཐན་ཕྱོགས་ཀྱི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་འདོད་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས“ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད། ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་ས་ཁུལ་གྱི་དུས་བབ་མདུན་དུ་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བ་དང་དོན་འཁྱོལ་ཧུར་ཐག་བྱེད་འདོད་ཡོད་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་མཉམ་དུ་སྲུང་སྐྱོང་བཅས་བྱེད་འདོད་ཀྱང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་ལས་ཐ་ཀྲུང་དབར་གྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་ཐུབ་ངེས་ཡིན་པ་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་པ་དང་འབྲེལ། དཔལ་འབྱོར་ཚོང་དོན་དང་། མ་འཇོག ཕན་ཚུན་སྦྲེལ་མཐུད། འགག་རྩའི་གཏེར་ཁ། བདེ་འཇགས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བཅུ་གྲངས་བརྗེ་རེས་བྱས་པར་མཉམ་དུ་དཔང་པོ་གནང་བ་རེད།
དགོང་མོ་དེར་ཞི་ཅིན་ཕིང་ལཱ་ཧོ་མོང་གིས་གཉེར་གནང་བའི་དགའ་བསུ་ཞུ་བའི་གསོལ་སྟོན་གཟབ་རྒྱས་ལ་ཞུགས་གནང་བ་རེད།
(ལྷ་དབང་ཚེ་འཕེལ་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུ་ཤང་པེའི་ཙུང་ཐུང་ལས་ཤག་ཏུ་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ།