གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་05ཉིན། 13:30】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་2024ལོའི་ཟླ་7ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨ་སི་ཐ་ན་རུ་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་པཱ་ཐེ་ཚེ་ཚེ་ཀེ་དང་ཐུག་འཕྲད་གནང་བ་རེད།
ཝང་དབྱི་ཡིས། ཀྲུང་མོང་ནི་གནས་སྤོ་མི་ཐུབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་འཕེལ་རྒྱས་གཏོང་རྒྱུ་དེ་གཏན་ལ་ཕབ་པའི་བྱེད་ཕྱོགས་སུ་བརྩི་རྒྱུ་ཡིན་ལུགས་བསྟན་པར་ཀྲུང་གོ་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་ཡག་པོར་བྱེད་པ་དང་། ལོ་མང་རིང་གི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ལ་གཅེས་སྤྲས་བྱས་ཏེ། ཀྲུང་མོང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
པཱ་ཐེ་ཚེ་ཚེ་ཀེས། ཀྲུང་གོ་ནི་མོང་གོལ་གྱི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་དང་རོགས་ཟླ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་མོང་གོལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མོང་གོལ་ཕྱོགས་ཀྱིས་མོང་གོལ་དང་ཀྲུང་གོའི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་ལ་སྒྲུབ་པའི་ཁ་ཕྱོགས་སུ་བརྩིས་ཏེ། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་རྒྱ་ཆེར་བཏང་ནས། ཡུན་རིང་བརྟན་ལྷིང་གི་མོང་གོལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་བཤད་པ་རེད།