གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་24ཉིན། 10:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་6ཚེས་24ཉིན་གྱི་ཆུ་ཚོད་06པའི་ཐོག་དྲག་ཆར་འབབ་པའི་ཉེན་བརྡ་མུ་མཐུད་བཏང་གསལ་དུ། སྔོན་དཔག་བྱས་ན། ཟླ་6ཚེས་24ཉིན་གྱི་ཆུ་ཚོད་08པ་ནས་ཚེས་25ཉིན་གྱི་ཆུ་ཚོད་08པའི་བར། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་དང་། ཀོང་ཞིའི་ནུབ་བྱང་རྒྱུད། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཧུའུ་པེ་ཡི་ཤར་ལྷོའི་རྒྱུད་དང་། ཅང་ཞི་ཡི་དབུས་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་བྱང་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་། ཧུའུ་ནན་གྱི་ཤར་རྒྱུད་དང་ཅང་ཞི་ཡི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་(ཧའོ་སྨི་100ནས་200བར་)འབབ་རྒྱུ་རེད། གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་ནང་དྲག་ཆར་འབབ་རྒྱུ་རེད། (ཆུ་ཚོད་རེར་ཆར་ཆུ་འབབ་ཚད་ཆེ་ཤོས་ཧའོ་སྨི་20ནས་50ཟིན་རྒྱུ་དང་། ས་ཁུལ་ཁག་ཅིག་ཏུ་ཧའོ་སྨི་70ལས་བརྒལ་སྲིད།) ས་ཁུལ་ཁ་ཤས་སུ་འབྲུག་སྒྲ་གྲགས་པ་དང་ལྷགས་པ་ཆེན་པོ་རྒྱག་པ་སོགས་གཏད་རྒྱུག་གི་གནམ་གཤིས་དྲག་པོ་བསྟན་རྒྱུ་རེད།
འགོག་སྲུང་ཕྱོགས་སྟོན།
1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། དྲག་ཆར་འགོག་པའི་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་དགོས།
2. ཉེན་ཁ་ཡོད་པའི་ཕྱི་རོལ་གྱི་གློག་ཁུངས་བཅད་ནས་ཕྱི་རོལ་གྱི་ལས་ཀ་གནས་སྐབས་མཚམས་འཇོག་དགོས།
3. ཉེན་ཁའི་ཁུལ་དུ་གནས་པའི་སྡེ་ཚན་གྱིས་སློབ་ཚན་དང་ལས་མཚམས་འཇོག་དགོས་པ་དང་། ཆེད་དམིགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་གྲྭར་སླེབས་པའི་སློབ་མ་དང་བྱིས་པ། ལས་ཀ་བྱེད་མཁན་གཞན་དག་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
4. གྲོང་ཁྱེར་དང་ཞིང་ཁའི་འཁྱིལ་ཆུ་ཕྱིར་འབུད་ཡག་པོར་བྱས་ཏེ། ཆུ་ལོག་དང་། རི་ཉིལ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་འབྱུང་ཉེན་ཡོད་རིགས་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས།