འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་22ཉིན།

༄༅།།ད་ལོ“གྱད་མི་ཆུང་གྲས”ཀྱི་ཁེ་ལས་ཆིག་སྟོང་ལྷག་ཙམ་ལ་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་ཐོབ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་22ཉིན། 12:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ནོར་སྲིད་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས《ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

བརྡ་ཐོའི་ནང་། 2024ལོ་ནས་2026ལོ་བར་གཙོ་གནད་ཐོན་ལས་འཁོར་འབྲེལ་དང་། བཟོ་ལས་ཀྱི“རྨང་གཞི་དྲུག”(རྨང་གཞིའི་ལྷུ་ལག་ཆེ་ཆུང་དང་། རྨང་གཞིའི་ལྷུ་ལག་ཆེ་གྲས་དང་གཙོ་གྲས། རྨང་གཞིའི་རྒྱུ་ཆ། རྨང་གཞིའི་མཉེན་ཆས། རྨང་གཞིའི་བཟོ་རྩལ་དང་ཐོན་ལས་ལག་རྩལ་རྨང་གཞི)དང་དེ་བཞིན་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཁྱབ་ཁོངས་བཅས་ལ་དམིགས་ཏེ། ནོར་སྲིད་ཀྱི་ཕྱོགས་བསྡུས་བྱ་དགའ་དང་ཁ་གསབ་སྤྲོད་སྟངས་བརྒྱུད་ཁག་ཐེངས་གསུམ་ལ་བགོས་ནས“གྱད་མི་ཆུང་གྲས”ཀྱི་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། 2024ལོར་ཁག་ཐེངས་དང་པོའི་ནང་སྔོན་ལ“གྱད་མི་ཆུང་གྲས”ཀྱི་ཁེ་ལས་1000ལྷག་ཙམ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་སླད་ཕྱིན་ལོ་འཁོར་གྱི་ལག་བསྟར་བྱས་ཚུལ་ལ་གཞིགས་ནས། རྒྱབ་སྐྱོར་བྱེད་ཁོངས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་གྱིས་ཕྱོགས་གསུམ་ཐད་ནས་གཙོ་གནད་ཁྱབ་ཁོངས་ཀྱི“གྱད་མི་ཆུང་གྲས”ཀྱི་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། གཅིག་ནས་ཁེ་ལས་ཀྱིས་སྒུལ་ནུས་གསར་པ་གཏོད་པ་དང་། ལག་རྩལ་གསར་པར་འགག་སྒྲོལ། ཐོན་རྫས་གསར་པ་གསར་སྤེལ་བཅས་ལ་དམིགས་ནས། ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ཀྱི་རང་ཚུགས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་དང་། གཉིས་ནས་ཁེ་ལས་ཀྱིས་ཐོན་ལས་འཁོར་འབྲེལ་གྱི་ལྷན་སྦྱར་ནུས་པ་ཆེར་གཏོང་ལ་དམིགས་ཏེ། མཐུན་སྦྱོར་ལྷན་སྦྱར་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས་ཐོན་ལས་ཀྱི་རྨང་གཞིའི་འདེགས་སྐྱོར་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ། གསུམ་ནས་ས་གནས་ཀྱིས་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་གསོ་སྐྱོང་ནུས་སྤྲོད་འཚོལ་ཞིབ་ལ་རྒྱབ་སྐྱོར་བྱས་ནས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་རེད།

བྱ་དགའ་དང་ཁ་གསབ་ཀྱི་ཚད་གཞིའི་ཐད་རེས་སྐོར་གསར་པའི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་གི་བྱ་དགའ་དང་ཁ་གསབ་སྲིད་ཇུས་དེ་གོང་གི་ཚད་གཞི་ལག་བསྟར་བྱ་རྩིས་ཡོད་པ་སྟེ། ཁེ་ལས་རེར་བསྟུད་མར་རྒྱབ་སྐྱོར་ལོ་3དང་ཁེ་ལས་རེར་ཁྱོན་བསྡོམས་སྒོར་ཁྲི་600ལྟར་ས་གནས་ཀྱི་བྱ་དགའ་དང་ཁ་གསབ་ཀྱི་གྲངས་འབོར་ཚོད་རྩིས་བྱེད་རྒྱུ་རེད། ཁག་ཐེངས་རེའི་བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་ཐེངས་གཉིས་ལ་བགོས་ནས་སྤྲོད་པ་སྟེ། ལག་བསྟར་གྱི་དུས་འགོར་50%སྤྲོད་པ་དང་ལག་བསྟར་གྱི་དུས་མཇུག་ཏུ་བྱས་འབྲས་གདེང་འཇོག་གནས་ཚུལ་གཞིར་བཟུང་མ་དངུལ་ལྷག་མ་སྤྲོད་རྒྱུ་རེད། དེའི་ནང་འཆར་གཞིར་སྐུལ་འདེད་གཏོང་ཆེད་མ་དངུལ་གཏོང་ཚད་བསྡོམས་འབོར་སྒོར་ཁྲི་2000ཟིན་མེད་པའི་ཁེ་ལས་ཀྱི་མ་དངུལ་ཕྱིར་འཐེན་བྱེད་པ་དང་འཆར་གཞིར་སྐུལ་འདེད་གཏོང་ཆེད་མ་དངུལ་གཏོང་ཚད་བསྡོམས་འབོར་སྒོར་ཁྲི་2000ཡན་ཟིན་ཡང་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་མེད་པའི་ཁེ་ལས་ལ་མ་དངུལ་ལྷག་མ་བཀོད་སྒྲིག་བྱེད་ཀྱི་མེད་པ་རེད།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཟླ་ཕུར་གྱིས་ཞུས)