གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་21ཉིན། 14:28】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2019ལོའི་ཟླ་12པར། གནམ་དཔྱད་མཁས་དབང་གིས་དེ་སྔོན་མངོན་གསལ་དོད་པའི་སྐར་རྒྱུད་ཅིག་གློ་བུར་དུ་དཀར་ཆ་དོད་དུ་ཕྱིན་པ་ཤེས་རྟོགས་བྱུང་བ་དང་། དེ་རྗེས་སྐར་རྒྱུད་དེར་ལྟ་ཞིབ་ཚད་ལེན་ཞིབ་ཚགས་བྱེད་འགོ་བཙུགས་ཡོད་པ་རེད། ཁྱབ་བསྒྲགས་བྱས་མ་ཐག་པའི་ཞིབ་འཇུག་སྙན་ཞུ་ཞིག་གི་ནང་དུ། སྐར་རྒྱུད་དེར་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཐོན་པ་དེ་ནི་དེའི་ལྟེ་བའི་ནག་དོང་ཆེན་པོ་གློ་བུར་དུ“འགུལ་”ཚུལ་ཐོན་པ་ཡིན་ཤས་ཆེ་བར་བཀོད་འདུག
མིང་ལ་SDSS1335+0728ཟེར་བའི་སྐར་རྒྱུད་འདི་སྲིབ་མའི་སྐར་ཚོམ་དུ་གནས་ཤིང་། སའི་གོ་ལ་དང་བར་ཐག་འོད་ལོ་དུང་ཕྱུར་3ཡོད། སྔོན་ཆད་དུས་ཡུན་རིང་པོར་ལྷིང་འཇགས་ཀྱི་རྣམ་པར་གནས་ཡོད། 2019ལོའི་ཟླ་12པར། སྐར་རྒྱུད་དེ་གློ་བུར་དུ་འཁྲུག་ཆ་དོད་དུ་ཕྱིན་ཡོད། རྒྱུན་པར་སྐར་རྒྱུད་དེའི་འོད་གློ་བུར་གསལ་དུ་སོང་བ་ནི་སྐར་མ་གསར་པ་གས་པའམ་མཚོ་འགྲིབ་པའི་དོན་རྐྱེན་སོགས་ཀྱི་སྣང་ཚུལ་ལས་བྱུང་བ་རེད། མཚོ་འགྲིབ་གྱི་དོན་རྐྱེན་ནི་འཇིག་རྟེན་གྱི་ནུས་ཆེ་འབར་གས་འབྱུང་བའི་སྣང་ཚུལ་ཞིག་རེད། དེ་ནི་བརྟན་སྐར་དེ་ནག་དོང་ཧ་ཅང་ཆེ་བ་དང་ཐག་ཉེ་སྐབས། ནག་དོང་ལས་ཐོན་པའི་མཚོ་འགྲིབ་ཤུགས་ཀྱིས་འཐེན་ནས་གས་པའི་དོན་རྐྱེན་ཞིག་རེད། འོན་ཀྱང་། དཀར་ཚད་ཀྱི་འགྱུར་ལྡོག་འདི་དག་སྤྱིར་བཏང་ཉིན་བཅུ་ཕྲག་ཁ་ཤས་དང་། མང་ན་ཉིན་བརྒྱ་ཕྲག་ཁ་ཤས་ཙམ་ལས་རྒྱུན་མཐུད་མི་ཐུབ། འོན་ཀྱང་། SDSS1335+0728འདི་ད་ལྟའི་བར་དུ་སྔར་བཞིན་གསལ་པོར་འགྱུར་བཞིན་ཡོད་ལ། ལོ་བཞི་ལྷག་ཙམ་རིང་རྒྱུན་མཐུད་ཡོད།
ཞིབ་འཇུག་མི་སྣའི་ལྟ་ཚུལ་ལྟར་ན། འགྲེལ་བཤད་ཆེས་ཆེར་རྒྱག་མི་ཐུབ་པ་ནི། དེར་སྐར་རྒྱུད་ཉིང་རྡུལ་འཁྲུག་ཆ་དོད་པོ་ཞིག་ཡོད་པ་དང་། དེའི་ནུས་ཚད་ནི་སྐར་རྒྱུད་ལྟེ་གནས་ཀྱི་ནག་དོང་ཧ་ཅང་ཆེ་བ་ལས་བྱུང་བ་དང་། དེའི་ཚད་ནི་ཉི་མ་ཁྲི་10ཙམ་ཡིན། གལ་ཏེ་འདི་འདྲ་ཡིན་ན། དེ་ནི་མི་རྣམས་ཀྱིས་ཐེངས་དང་པོར་དུས་ཐོག་ཏུ་མཐོང་བའི་ནག་དོང་ཆེན་པོ་“འགུལ་བ་”དེ་རེད།
འབྲེལ་ཡོད་ཞིབ་འཇུག་བྱས་འབྲས་རྒྱལ་སྤྱིའི་《གནམ་རིག་དང་གནམ་དབྱིབས་དངོས་ལུགས་རིག་པ་》དུས་དེབ་ཐོག་བཀོད་ཡོད།