འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་19ཉིན།

༄༅།།རང་རྒྱལ་གྱི་ཚེ་གང་སློབ་གསོའི་ལས་སྟེགས་ཀྱིས་མི་ཐེངས་ཁྲི་6000ཙམ་ལ་ཞབས་འདེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་19ཉིན། 15:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྒོ་དབྱེའི་སློབ་ཆེན་གྱི་ཚེ་གང་སློབ་གསོའི་ལས་སྟེགས་2022ལོའི་ཟླ་བ་5པར་དྲ་ཐོག་ནས་སྤྱོད་འགོ་ཚུགས་ཚུན། རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་གྱི་མི་ཐེངས་ཁྲི་6000ཙམ་ལ་ཞབས་འདེགས་ཞུས་པ་དང་ཐོ་འགོད་བྱས་ནས་སྤྱོད་མཁན་མི་ཁྲི་680ཟིན་ཞིང་། གྲངས་འཛིན་ཅན་ལ་བརྟེན་ནས་སློབ་སྦྱོང་རྣམ་པར་ཞབས་འདེགས་ཞུ་བའི་སྤྱི་ཚོགས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཚེ་གང་སློབ་གསོ་སློབ་སྦྱོང་གི་ཐོན་ཁུངས་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། མིག་སྔར་ཚེ་གང་སློབ་གསོའི་ལས་སྟེགས་སུ་ཐོན་ཁུངས་ཁྲི་103ལྷག་ཙམ་ཕྱོགས་བསྡུས་བྱས་ཡོད་པ་དང་སྤྱོད་མཁན་གྱིས་སློབ་སྦྱོང་བྱེད་ཡུན་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཁྲི་110ཟིན་ཡོད། “འཇོན་ཐང་ཅན་གྱིས་དགེ་རྒན་བྱེད་པ”དང“བློ་གྲོས་ཅན་གྱིས་རྒན་རྒོན་ལ་རོགས་རམ་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ནས་སྤུས་ལེགས་ཕྲན་ཚོགས་སློབ་ཚན(ཁག)ཁྲི་8ལྷག་ཙམ་སྒོ་འབྱེད་མཉམ་སྤྱོད་བྱས་པ་དང་། “དམངས་ཡོངས་ཀྱིས་དཔེ་ཀློག་དང་རིག་དཔལ་དར་བའི་ཀྲུང་གོ”ཞེས་པའི་དྲ་ཐོག་སློབ་སྦྱོང་བྱེད་སྒོའི་ཆེད་དོན་ཁུལ་བཏོན་ནས་གློག་རྡུལ་དཔེ་དེབ་ཁྲི་1ལྷག་ཙམ་དྲ་ཐོག་ཏུ་བཏོན་ཡོད། གཞན་ཡང་ལས་སྟེགས་དེ་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་དང་འགོག་མེད་སྒྱུར་བཀོད་བྱས་ནས་སྤྱོད་མཁན་སྣ་ཚོགས་ཀྱི་སློབ་སྦྱོང་གི་དགོས་མཁོ་བསྐངས་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)