འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་18ཉིན།

༄༅།།སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་དྲུག་གིས་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་པ།

——ཞིབ་འཇུག་སློབ་མ་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་18ཉིན། 13:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཏན།

ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས་སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱ་ཐབས》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)བརྒྱུད་སྤེལ་བྱས་ཏེ། དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོའི་ལམ་ལུགས་ལེགས་སུ་བཏང་ནས་ཞིབ་འཇུག་སློབ་མ་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།

《ལག་བསྟར་བྱ་ཐབས》བཏོན་པའི་རྒྱབ་ལྗོངས་ཅི་ཞིག་ཡིན་ནམ། “དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ”ནས“དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོའི”བར་ཕྱོགས་གང་དག་གི་ཐད་ལེགས་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད་དམ། གསར་འགོད་པས་སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱས་པ་ཡིན།

གསོ་སྐྱོང་གི་རིམ་པ་མཐོ་རུ་གཏོང་བ།

གཞུང་གྲོན་དགེ་འོས་སློབ་མས་ཉིན་གང་ལམ་ལུགས་ཀྱི་སློབ་གསོའི་རབ་འབྱམས་པར་རྒྱུགས་སྤྲོད་མི་དགོས་པར་སློབ་སྦྱོང་བྱས་རྗེས་ཁ་ཆད་ལྟར་དགེ་རྒན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ།

2007ལོ་ནས་པེ་ཅིང་དགེ་འོས་སློབ་ཆེན་དང་། ཧྭ་ཏུང་དགེ་འོས་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན། ཧྭ་ཀྲུང་དགེ་འོས་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། ལྷོ་ནུབ་སློབ་ཆེན་བཅས་སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་དྲུག་ཏུ་དགེ་འོས་སློབ་མར་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཡོད། 2018ལོར“དགེ་འོས་སློབ་མའི་རིན་མེད་སློབ་གསོ”དེ“དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོར”མིང་བསྒྱུར་ནས། དངོས་གཞིའི་ཚན་ཁག་ཐོན་རྗེས་ཁ་ཆད་ལྟར་དགེ་རྒན་ལོ་6ལས་མི་ཉུང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《ལག་བསྟར་བྱ་ཐབས》ནང་། 2024ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་6ཏུ་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ(དངོས་གཞིའི་ཚན་ཁག་ལོ་4+སློབ་གསོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ལོ་2)ལག་བསྟར་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་གཞུང་གྲོན་དགེ་འོས་སློབ་མས་སློབ་གྲྭ་དེ་གའི་ཉིན་གང་ལམ་ལུགས་ཀྱི་སློབ་གསོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མི་དགོས་པར་སློབ་སྦྱོང་བྱས་རྗེས་ཁ་ཆད་ལྟར་དགེ་རྒན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་བཏོན་ཡོད། སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱིས་གཞུང་གྲོན་དགེ་འོས་སློབ་མའི་དངོས་གཞིའི་ཚན་ཁག་ལོ་4དང་སློབ་གསོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ལོ་2ཀྱི་གསོ་སྐྱོང་ཇུས་གཞི་གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱས་ནས་གསོ་སྐྱོང་གི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱས་ཡོད།

པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཀྲི་ཡུང་གིས། ཉིན་གང་ལམ་ལུགས་མིན་པའི་སློབ་གསོའི་རབ་འབྱམས་པར་རྒྱུགས་སྤྲོད་མི་དགོས་པ་དེ་ཉིན་གང་ལམ་ལུགས་ཀྱི་སློབ་གསོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མི་དགོས་པར་ལེགས་སྒྲིག་བྱས་ཚེ། ལས་ཀ་དང་སློབ་སྦྱོང་དབར་འགལ་བ་མི་ཐོན་པ་དང་། དགེ་འོས་སློབ་མའི་རིག་གཞུང་ཆུ་ཚད་མཐོ་རུ་དང་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་འཇོན་ཐང་ཆེ་རུ་ཕྱིན་ནས་སློབ་གྲྭ་འབྲིང་ཆུང་ལ་ཞིབ་འཇུག་སློབ་མ་རིམ་པའི་དགེ་རྒན་གསོ་སྐྱོང་བྱེད་ཐུབ་པའི་ངོས་འཛིན་བྱས།

དགེ་རྒན་བཀོད་སྒྲིག་ལེགས་སུ་གཏོང་བ།

སློབ་ཐོན་སློབ་མ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཕུད་པའི་ས་ཁུལ(གྲོང་ཁྱེར་དང་། ཀྲོའུ། མོང)དང་དེ་མན་གྱི་སྲིད་འཛིན་ས་ཁོངས་སུ་དགེ་རྒན་བྱེད་པར་འགྲོ་རྒྱུར་སྐུལ་འདེད་གཏོང་བ།

སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོའི་བར་སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་6གིས་རིམ་རྩིས་བྱས་ན་གཞུང་གྲོན་དགེ་འོས་སློབ་མ་ཁྱོན་ཁྲི་15བསྡུས་པ་དང་། སློབ་ཐོན་སློབ་མས་ཁ་ཆད་ལྟར་དགེ་རྒན་བྱེད་ཚད་90%ལས་བརྒལ་བ་དེའི་ནང་90%ལྷག་ཙམ་དབུས་ནུབ་རྒྱུད་དུ་དགེ་རྒན་བྱེད་པར་སོང་ནས་རྨང་གཞིའི་སློབ་གསོའི་འཐབ་ས་དང་པོར་དགེ་རྒན་སྤུས་ལེགས་འབོར་ཆེན་ཁ་གསབ་བྱས་ཏེ། ཕུལ་བྱུང་ཤེས་ལྡན་པ་སློབ་ཁྲིད་བྱེད་པར་འགུག་པ་དང་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

《ལག་བསྟར་བྱ་ཐབས》ནང་། དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་གཙོ་བོ་དབུས་ནུབ་ས་ཁུལ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཕུད་པའི་ས་ཁུལ(གྲོང་ཁྱེར་དང་། ཀྲོའུ། མོང)དང་དེ་མན་གྱི་སྲིད་འཛིན་ས་ཁོངས་སུ་ཞིབ་འཇུག་སློབ་མ་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དང་། ཐད་གཏོགས་གྲོང་ཁྱེར་དང་། འཆར་གཞི་ལོགས་སུ་བཀོད་པའི་གྲོང་ཁྱེར་དང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་གྱི་གྲོང་ཁུལ(རང་སྐྱོང་ལྗོངས་5དང་། སྐམ་སའི་མཐའ་མཚམས་ཞིང་ཆེན། ཧའེ་ནན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ཕུད)གཙོ་བོར་དགེ་རྒན་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། སྔར་ཡོད་སྲིད་ཇུས་ཀྱི་གཙོ་གནད་དེ་དབུས་ནུབ་རྒྱུད་ལ་དགེ་རྒན་གསོ་སྐྱོང་དང་ནང་འདྲེན་བྱེད་པའི་རྨང་གཞིའི་ཐོག 《ལག་བསྟར་བྱ་ཐབས》ནང་སློབ་ཐོན་སློབ་མ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཕུད་པའི་ས་ཁུལ(གྲོང་ཁྱེར་དང་། ཀྲོའུ། མོང)དང་དེ་བཞིན་དེ་མན་གྱི་སྲིད་འཛིན་ས་ཁོངས་སུ་དགེ་རྒན་བྱེད་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ཞིང་ཆེན་ས་ཁོངས་ནང་གི་དགེ་རྒན་སྤུས་ལེགས་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཁ་ཆད་ལག་བསྟར་བྱེད་པའི་བླང་བྱར་ཤུགས་སྣོན་བརྒྱབ་སྟེ་ནད་གཞི་ཚབས་ཆེན་སོགས་དམིགས་བསལ་གནས་ཚུལ་ཕུད། དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མས་སློབ་གྲྭ་ཐོན་རྗེས་ཁ་ཆད་ལྟར་དགེ་རྒན་ལོ་6ལས་མི་ཉུང་བ་བྱེད་དགོས། ཁ་ཆད་ལྟར་དགེ་རྒན་བྱས་ཚུལ་དེ་ཡིད་རྟོན་ཟིན་ཐོ་དང་འབྲེལ་བ་ཡོད་པའི་ངོ་སྤྲོད་བྱས་ཡོད།

“སྔོན་ཆད་ཀྱི་ཉམས་མྱོང་ལ་བལྟས་ན། གཞུང་གྲོན་དགེ་འོས་སློབ་མས་ཁ་ཆད་ལྟར་དགེ་རྒན་བྱེད་ཚད་མཐོ་བ་དེ་ནི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་དང་ཁ་གསབ་བྱེད་པའི་ཐབས་ལམ་བློས་འགེལ་ཆོག་པ་ཞིག་ཡོད” ཧྭ་ཏུང་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་མའེ་པིན་གྱིས་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་ཚེ། དབུས་ནུབ་ས་ཁུལ་དུ་ཞིབ་འཇུག་སློབ་མ་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་འབོར་ཆེན་ཁ་གསབ་ཐུབ་ནས་དབུས་ནུབ་ས་ཁུལ་གྱི་དགེ་རྒན་དཔུང་ཁག་གི་སྤྱིའི་སྤུས་ཚད་མཐོ་རུ་འགྲོ་བ་དང་། དགེ་རྒན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་འགྲོ་བ། སློབ་གསོ་སྤུས་ལེགས་དོ་སྙོམས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་བཅས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས།

ལས་ཞུགས་རྗེས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ།

འཆར་གཞི་ཡོད་པའི་སྒོ་ནས་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མ་རྨང་གཞིའི་སློབ་གསོའི་སྣེ་ཁྲིད་ཤེས་ལྡན་པར་གསོ་སྐྱོང་བྱེད་པ།

གཞི་རིམ་དུ་སྐྱོད་ཐུབ་པ་དང་། གནས་ཐུབ་པ། ཡག་པོ་སློབ་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ་བཅས་ཀྱི་གཞུང་གྲོན་དགེ་འོས་སློབ་མ་ཇི་ལྟར་གསོ་སྐྱོང་བྱེད་དགོས་སམ།

ལས་ཀའི་ལས་གནས་ལ་འགན་ལེན་བྱེད་པའི་ཐད། སློབ་གསོ་པུས་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོ་དངོས་དང་སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱི་གསོ་སྐྱོང་ནུས་པར་གཞིགས་ནས། འབྲེལ་ཡོད་སྡེ་ཚན་དང་གྲོས་བསྡུར་བྱས་ཏེ་ལོ་ལྟར་གཞུང་གྲོན་དགེ་འོས་སློབ་མའི་སློབ་བསྡུའི་འཆར་གཞིར་སྤྱི་འདོམས་བྱས་ནས་བཟོས་ཏེ། སློབ་མ་བསྡུ་བ་དང་གསོ་སྐྱོང་བྱ་རྒྱུ་དེ་དགེ་རྒན་ལས་གནས་ཀྱི་དགོས་མཁོ་དང་འབྲེལ་མཐུད་ནུས་ལྡན་ཐུབ་པར་འགན་ལེན་བྱས་ཡོད། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཆེད་ལས་ཁག་གི་གཞུང་གྲོན་དགེ་འོས་སློབ་མའི་ཁ་ཆད་ལྟར་དགེ་རྒན་བྱ་ཡུལ(གྲོང་ཁྱེར་དང་། ཀྲོའུ། མོང)གྱི་ཁྱབ་ཁོངས་གཏན་འཁེལ་བྱེད་པ་དང་འབྲེལ། སློབ་གསོ་པུའུ་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་ཕུལ་ཡོད། ས་གནས་ཁག་གིས་ཆེད་དོན་གདན་ཞུ་སྒྲིག་འཛུགས་བྱས་ནས་ཕན་ཚུན་གདམ་ག་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་གྲྭ་ཐོན་པའི་གཞུང་གྲོན་དགེ་འོས་སློབ་མ་ཚང་མར་དགེ་རྒན་བྱེད་སའི་སློབ་གྲྭ་དང་ལས་གནས་དོན་འཁྱོལ་ཏན་ཏིག་བྱས་ཡོད།

གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ས་གནས་ཁག་དང་སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་ཁག་གིས་ས་གནས་སྲིད་གཞུང་དང་། སློབ་གྲྭ་འབྲིང་ཆུང་། མཐོ་སློབ་བཅས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་སྤུས་ལེགས་ཐོན་ཁུངས་གཅིག་སྡུད་ཀྱིས་གཞུང་གྲོན་དགེ་འོས་སློབ་མ་གསོ་སྐྱོང་ཐད་སྤྱོད་པ་མ་ཟད། སློབ་ཐོན་སློབ་མའི་ལས་ཞུགས་རྗེས་ཀྱི་ཆེད་ལས་འཕེལ་རྒྱས་ཀྱི་རྗེས་སྙེགས་ཞབས་ཞུའི་ལམ་སྲོལ་བཙུགས་ནས་ཤེས་ལྡན་པ་གསོ་སྐྱོང་དང་བེད་སྤྱོད་ཟུང་འབྲེལ་བྱས་ཏེ། འཆར་གཞི་ཡོད་པའི་སྒོ་ནས་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མ་རྨང་གཞིའི་སློབ་གསོའི་སྣེ་ཁྲིད་ཤེས་ལྡན་པར་གསོ་སྐྱོང་བྱས་ཡོད།

“2011ལོ་ནས་བཟུང་། རིམ་རྩིས་བྱས་ན་སློབ་གསོ་པུའི་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱི་གཞུང་གྲོན་དགེ་འོས་སློབ་མ་2500ལྷག་ཙམ་མཚོ་སྔོན་དུ་དགེ་རྒན་བྱེད་པར་བསྐྱོད་པས་དགེ་རྒན་དཀོན་པའི་རིག་ཚན་ལ་དགེ་རྒན་ཁ་གསབ་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མར་དགེ་རྒན་གྱི་དགོས་མཁོ་མཐིལ་རྟོགས་ཡག་པོ་བྱེད་པར་ཤུགས་བརྒྱབ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་གསོ་སྐྱོང་འཆར་འགོད་བཟོས་ནས་དགོས་མཁོ་དངོས་དང་གསོ་སྐྱོང་གི་གཞི་ཁྱོན་འབྲེལ་མཐུད་ནུས་ལྡན་ཐུབ་པར་འགན་ལེན་བྱེད་ཀྱི་ཡིན”ཞེས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་སུང་ལེ་ཡིས་བརྗོད།

(བདེ་སྐྱིད་དབང་མོ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)