གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་17ཉིན། 14:48】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། དྲ་གྲོགས་ཁག་ཅིག་གིས་མཐོ་རྒྱུགས་སྤྲད་རྗེས། གཤམ་གྱི་བརྡ་འཕྲིན་འདི་འདྲ་འབྱོར་བ་བཤད། དེར་རྒྱུགས་སྤྲོད་སྐབས་སུ་ཁྱེད་ཀྱིས་རྒྱུགས་གཞི་ལྐོག་བལྟ་བྱས་པ་དེ་ལྟ་སྐུལ་ཚོད་འཛིན་གྱིས་ཟིན་ཡོད་པས་སྦྱོང་ཚན་དེའི་རྒྱུགས་འབྲས་0ཡིན་པ་མ་ཟད། སློབ་གསོ་སྡེ་ཁག་གི་ཁ་པར་ཨང་གྲངས་སྤྲད་ནས་ཁ་པར་བརྒྱབ་སྟེ་འདྲི་གཅོད་བྱོས་ཞེས་བཤད་ཡོད།
རྒྱུགས་ཞུགས་སློབ་མ་ཚོས་དེར་ངེས་པར་དོགས་ཟོན་བྱེད་དགོས།
མགོ་སྐོར་གཏོང་མཁན་གྱིས་རྒྱུགས་སྤྲོད་སློབ་མ་ཚོའི་གནས་ཚུལ་ལ་དུས་རྟག་དུ་དོ་སྣང་བྱས་ཡོད། དཔེར་ན། རྒྱུགས་ཞུགས་སློབ་མ་ཚོས་མཐོ་རྒྱུགས་རྗེས་སུ་ཁ་ལོ་བའི་ལག་འཁྱེར་རྒྱུགས་སྤྲོད་པའི་ཐད། མགོ་སྐོར་གཏོང་མཁན་ཚོས་སློབ་མས་ཁ་ལོ་བའི་ལག་འཁྱེར་མགྱོགས་པོར་རག་འདོད་པའི་བསམ་ཚུལ་བེད་སྤྱད་དེ་“ངོ་ཤེས་བརྒྱུད་ན་རྒྱུགས་མ་སྤྲད་པར་ལག་འཁྱེར་ཐོབ་ཐུབ་པ་དང་། རྒྱུགས་འཕྲོད་ངེས”ཞེས་ཟེར་ནས་མགོ་སྐོར་གཏོང་བཞིན་ཡོད།
མགོ་སྐོར་རིགས་དང་པོ།
དངུལ་སྤྲད་ན་རྒྱུགས་འཕྲོད་ཐུབ།
ཉེ་ཆར། ཀོང་ཏུང་ཧྥོ་ཧྲན་ནན་ཧའེ་ཡི་ཨ་ཅག་ཁྲེན་(མིང་གཞན)གྱིས་ཁ་པར་ཐོག་བརྙན་ལ་བལྟ་སྐབས། “ཁ་ལོ་བའི་ལག་འཁྱེར་ཚབ་རྒྱུགས་གཏོང་བའི”བརྡ་ཁྱབ་ཅིག་མཐོང་ཞིང་། དེའི་ནང་དུ“རྒྱུགས་སྤྲོད་མི་དགོས་པ”དང་“ཚང་མ་འགན་ལེན་བྱ་ངེས་”སོགས་ཀྱི་ཚིག་མངོན་གསལ་དོད་པོ་བཀོད་པ་མཐོང་ནས་ཚོད་ལྟ་བྱེད་སེམས་བྱུང་བ་རེད།“རྩལ་ཁྲིད་པ་ལི་ལགས་”ཀྱི་སྐད་འཕྲིན་བསྣན་རྗེས། “རྩལ་ཁྲིད་པ་ལི”ཡིས“ཚབ་རྒྱུགས་གཏོང་བའི་”བརྒྱུད་རིམ་ཧྲིལ་པོར་ཨ་ཅག་ཁྲེན་ཡུལ་དངོས་སུ་ཡོང་མི་དགོས་པ་དང་། དངུལ་སྤྲད་ཚེ་ཁ་ལོ་བའི་ལག་འཁྱེར་ལས་སླ་པོར་ལེན་ཐུབ་ཅེས་ནན་བཤད་བྱས་པ་རེད།
ཨ་ཅག་ཁྲེན་གྱིས་བདེ་བླག་གིས་ཁ་ལོ་བའི་ལག་འཁྱེར་ལེན་ཐུབ་འདོད་སྐབས། ཕ་རོལ་པོས་“གསང་སྲུང་གྲོས་མཐུན”ཞིག་བསྐུར་ནས་སྒོར་15000སྤྲད་ནས་ཐམ་ག་བརྒྱབ་སྟེ་སྤྲོད་དགོས་ཟེར། དངུལ་སྤྲད་རྗེས། ཕ་རོལ་པོས་སླར་ཡང་སྒོར་25000སྤྲད་ཚེ་གཞི་ནས་ཁ་ལོ་བའི་ལག་འཁྱེར་གྱི་ཨང་གྲངས་གྲུང་སྐུལ་བྱེད་ཐུབ་པ་བཤད། དངུལ་མཐའ་མ་དེ་གཏན་འཁེལ་བྱས་པའི་དངུལ་ཁང་གི་རྩིས་ཐོའི་ནང་དུ་བསྒྱུར་རྗེས། ཨ་ཅག་ཁྲེན་གྱིས་རྩལ་ཁྲིད་པ་ལི་དང་འབྲེལ་བ་ཁྱོན་ནས་བྱེད་མ་ཐུབ་པས། ཉེན་བརྡ་བཏང་བ་རེད། མིག་སྔར། གྱོད་གཞི་འདི་མྱུལ་ཞིབ་བྱེད་སྒང་ཡིན།
ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།
རྒྱལ་ཡོངས་ཀྱི་རླངས་འཁོར་གཏོང་བའི་རྒྱུགས་ལེན་ལ་གོ་རིམ་ནན་པོ་ཡོད་པ་མ་ཟད་མྱུར་ལམ་མེད། རྒྱུགས་ལེན་པའི་གོ་རིམ་ཚང་མར་མཛུབ་རིས་དང་གདོང་བཤེར་བྱས་ནས་རྒྱུགས་ལེན་མཁན་གྱི་ཐོབ་ཐང་ཞིབ་དཔྱད་བྱེད་པ་དང་། དུས་མཚུངས་བརྒྱུད་རིམ་ཧྲིལ་པོར་བརྙན་ཕབ་བྱས་ནས་དུས་ཐོག་ཏུ་བསྐུར་གྱི་ཡོད། “ཚབ་རྒྱུགས་གཏོང་བ་”དང་། “ཁ་ལོ་བའི་ལག་འཁྱེར་ཉོ་བ།” “རྒྱུགས་འཕྲོད་ངེས་པ་”སོགས་ཚང་མར་ཡིད་ཆེས་མ་བྱེད།
མགོ་སྐོར་རིགས་གཉིས་པ།
གོང་བདེ་མོས་སློབ་མ་བསྡུ་བ།
གཡོ་སྒྱུ་འདི་རིགས་ཀྱི་ཁྲོད་དུ། མགོ་སྐོར་གཏོང་མཁན་ཚོས་རྒྱུན་དུ་རིན་གོང་དམའ་མོ་ཟེར་ནས་མི་སེམས་འགུག་པའི་ངག་ཐོག་གི་ཁས་ལེན་བྱས་ནས། མི་ལ་མགོ་སྐོར་བཏང་སྟེ་གྲོན་དངུལ་འཇལ་འཇུག་བཞིན་ཡོད། དེའི་ནང་གི་གན་རྒྱའི་དོན་ཚན་རྟག་ཏུ་གསལ་པོ་མེད་པ་དང་། རྗེས་སུ་“འབར་སྣུམ་གྱི་གྲོན་དངུལ་དང་། ལད་ཟློས་རྒྱུགས་ལེན་གྱི་གྲོན་དངུལ། དུས་བསྣན་སྦྱོང་བརྡར་གྱི་གྲོན་དངུལ་”སོགས་ཀྱི་མིང་ཐོག་གྲོན་དངུལ་ལེན་བཞིན་ཡོད།
ཁ་ལོ་བའི་སློབ་གྲྭ་ཁ་ཤས་ཀྱིས་སློབ་མ་མང་པོ་ས་ནས་གྲོན་དངུལ་བསྡུས་རྗེས་གློ་བུར་དུ་སྒོ་བརྒྱབ་པའམ་ཡང་ན་དངུལ་ཁྱེར་ནས་བྲོས་པའི་དབང་གིས་སློབ་མ་རྣམས་ལ་ཁེ་དབང་སྲུང་སྐྱོང་བྱེད་ས་མེད་པ་དང་། རྒྱུ་ནོར་གྱོང་གུན་བྱུང་བའི་ཉེན་ཁ་འཕྲད་ཀྱི་ཡོད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན།
ཚད་ལྡན་གྱི་ཁ་ལོ་བའི་སློབ་གྲྭ་ཚང་མར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་སྤྲད་པའི་འགྲོ་ལམ་སྐྱེལ་འདྲེན་གཉེར་སྐྱོང་ཆོག་འཐུས་ལག་འཁྱེར་ཡོད་པ་མ་ཟད། བཟོ་ཚོང་སྡེ་ཁག་གིས་སྤྲད་པའི་ལས་གཉེར་ལག་འཁྱེར་སོགས་ཡོད་པས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་ཆེད། ཚང་མས་ངེས་པར་དུ་ཁྲིམས་མཐུན་ཐོ་འགོད་སྙན་སེང་ཞུས་པའི་ཁ་ལོ་བའི་སློབ་གྲྭ་བདམས་ནས་མིང་ཐོ་འགོད་དགོས། གལ་ཏེ་ཁ་ལོ་བའི་སློབ་གྲྭའི་སྒྲིག་འགལ་གྱི་བྱ་སྤྱོད་ཤེས་ཚེ་12345ལ་ཁ་པར་བཏང་ནས་ཞུ་གཏུག་བྱེད་དགོས།