འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་16ཉིན།

༄༅།།རང་རྒྱལ་གྱིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གློག་སྒུལ་ཅན་དུ་སྒྱུར་བ་སོགས་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་16ཉིན། 11:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་13གྱིས《འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་བྱ་སྤྱོད་ཇུས་གཞི》བཀྲམ་ནས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གློག་སྒུལ་ཅན་དུ་སྒྱུར་བ་དང་། ཁྲའེ་ཡིའུ་སྣུམ་གྱི་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་གསར་པར་བརྗེ་བ། སྐྱེལ་འདྲེན་གྲུ་གཟིངས་རྙིང་པ་བེད་མེད་དུ་བཏང་ནས་གསར་པ་བརྗེ་བ། ཤུགས་འགྲེམས་མེ་འཁོར་རྙིང་པ་བེད་མེད་དུ་བཏང་ནས་གསར་པ་བརྗེ་བ། སྦྲག་སྲིད་མྱུར་སྐྱེལ་སྒྲིག་ཆས་གསར་པ་བརྗེ་བ། ཟོག་འགྲེམས་སྒྲིག་ཆས་གསར་སྒྱུར་ལེགས་བཅོས་བྱེད་པ། ཚད་གཞི་མཐོ་རུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཆེན་པོ་བདུན་ལག་བསྟར་བྱེད་དགོས་ལུགས་བཏོན་ཡོད།

    ཇུས་གཞིའི་ནང་། 2028ལོར་སླེབས་སྐབས་གྲུ་གཟིངས་སྐྱེལ་འདྲེན་ནུས་ཤུགས་ཀྱི་གྲུབ་ཆ་ལེགས་སུ་ནུས་ལྡན་འགྲོ་རྒྱུ་དང་། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་ལ་སྐུལ་མ་རྒྱུན་མཐུད་ཐེབས་རྒྱུ། གཙོ་གནད་ས་ཁོངས་ཀྱི་མེ་འཁོར་རྙིང་པ་གཞི་རྩའི་ཆ་ནས་མེད་པར་བཟོས་ཏེ་ནུས་རྒྱུ་གསར་པའི་མེ་འཁོར་གཞི་ཁྱོན་ཅན་གྱི་སྒོ་ནས་བེད་སྤྱོད་ཐུབ་རྒྱུ། སྦྲག་བསྐུར་མྱུར་སྐྱེལ་རིག་ནུས་ཀྱི་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་རྒྱ་ཁྱབ་ངང་ཁྱབ་གདལ་དང་བེད་སྤྱོད་ཐུབ་ནས་སྐུར་མ་བསྐུར་སའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཞིབ་བཤེར་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུ། བྱང་སྐར་སྤུན་བདུན་གྱི་མཐའ་སྣེ་བེད་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཐཱན་འབུད་ཚད་དང་སྦགས་བཙོག་དངོས་པོ་འབུད་ཚད་རྒྱུན་ཆད་མེད་པར་དམའ་རུ་ཕྱིན་ནས་སྦགས་བཙོག་དངོས་པོ་འབུད་པའི་སྤྱི་འབོར་སྔར་བས་དམའ་རུ་འགྲོ་རྒྱུ་བཅས་བཏོན་ཡོད།

    ཇུས་གཞིའི་ནང་། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་རྙིང་པ་དང་སྒུལ་ཤུགས་གློག་རྫས་གསར་པར་བརྗེས་ནས་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་དང་། འཛེགས་སླ་བ་དང་དེ་བཞིན་འཛུལ་སླ་བའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁྱབ་གདལ་ཧུར་ཐག་གཏོང་བར་སྐུལ་ལྕག་བྱེད་པ་དང་། ས་གནས་ཁག་གིས་ལོ་10དང་དེ་ཡན་གྱི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་རྙིང་པ་དག་གསར་པར་བརྗེ་རྒྱུར་སྐུལ་ལྕག་བྱེད་པ། ཁྲའེ་ཡིའུ་སྣུམ་གྱི་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་མགྱོགས་མྱུར་མེད་པ་བཟོས་ནས་གསར་པར་བརྗེས་ཏེ་ནུས་རྒྱུ་གསར་པའི་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་གོ་རིམ་ལྡན་པའི་སྒོ་ནས་ཁྱབ་གདལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཇུས་གཞིའི་ནང་། ནུས་རྒྱུ་ཟད་གྲོན་ཆེ་བ་དང་སྦགས་བཙོག་འབུད་ཚད་མང་བའི་སྐྱེལ་འདྲེན་གྲུ་གཟིངས་རྙིང་པ་མགྱོགས་མྱུར་བེད་མེད་དུ་བཏང་ནས་གསར་པར་བརྗེ་བ་དང་། ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མའི་སྒུལ་ཤུགས་སྐྱེལ་འདྲེན་གྲུ་གཟིངས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ནུས་པ་ཆེ་བའི་LNGདང་། ཤུགས་ཚད་ཆེ་བའི་ཁྲུན་འབར་སྣུམ་གྱི་སྒུལ་བྱེད་འཕྲུལ་འཁོར། ནུས་ཚད་དང་ཚགས་དམ་ཚད་མཐོ་བ་དང་བདེ་འཇགས་ནུས་པ་ཆེ་བའི་སྒུལ་ཤུགས་གློག་རྫས་སོགས་འགག་རྩའི་ཐུན་མོང་རང་བཞིན་དང་སྣེ་ཁྲིད་ཀྱི་ལྟེ་བའི་ལག་རྩལ་གསར་ཤོས་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཇུས་གཞིའི་ནང་། སྦྲག་སྲིད་མྱུར་སྐྱེལ་གྱི་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་དང་། སྦྲག་སྲིད་མྱུར་སྐྱེལ་གྱི་མཇུག་སྣེའི་སྡེབ་སྐྱེལ་རླངས་འཁོར་གསར་བརྗེས་བྱས་ཏེ། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་བླང་བྱ་དང་མཐུན་པའི་ས་ཁུལ་དུ་ནུས་རྒྱུ་གསར་པའི་མི་མེད་སྡེབ་སྐྱེལ་རླངས་འཁོར་གཞི་ཁྱོན་ཆེན་པོས་བེད་སྤྱོད་བྱེད་པ་དང་། སྦྲག་ཐོག་སྐུར་མ་བསྐུར་ས་གཙོ་བོར་ཚང་མ་རང་འགུལ་ཅན་གྱི་རིག་ནུས་དབྱེ་འབྱེད་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་དང་སྤྱོད་དགོས་ལུགས་བཏོན་ཡོད།