མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་སྦྲེལ་མཐུད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་སྦྲེལ་མཐུད་གནང་བ།

    ཟླ་12ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་སྦྲེལ་མཐུད་གནང་སྟེ་ཀྲུང་ཨུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་བརྒྱུད་སོལ་རླངས་ཤར་འདྲེན་ཐུབ་པའི་མཛད་སྒོའི་བདེན་དཔང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་སྦྲེལ་མཐུད་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་བརྙན་ལམ་བརྒྱུད་ཀྲུང་ཨུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་བརྒྱུད་སོལ་རླངས་ཤར་འདྲེན་ཐུབ་པའི་མཛད་སྒོའི་བདེན་དཔང་གནང་བ་རེད།
     ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་སུའོ་ཆིར་ཡོད་པའི་ཕུའུ་ཅིང་དང་ཕན་ཚུན་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་མདོང་ལམ་བརྒྱུད་སོལ་རླངས་ཤར་འདྲེན་ཐུབ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། རྒྱལ་ཁབ་གཉིས་པོའི་རྒྱ་ཆེའི་འཛུགས་སྐྲུན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ནི་ཀྲུང་ཨུའི་ནུས་རྒྱུ་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་ལ་ཕྱོགས་གཉིས་པོས་འབྲེལ་བ་དམ་ཟབ་དང་མཉམ་ལས་གཉིས་ཁེ་ཡོང་བར་བྱས་པའི་དཔེ་མཚོན་ཞིག་ཀྱང་ཡིན། 2014ལོར་ངས་ཙུང་ཐུང་ཕུའུ་ཅིང་དང་ཕྱོགས་གཉིས་པོས་རྣམ་གྲངས་མཉམ་ལས་ཡིག་ཆའི་ཐོག་མིང་རྟགས་བཀོད་པའི་བདེན་དཔང་བྱས་པ་ཡིན། ལོ་ལྔ་ལྷག་ཙམ་རིང་རྒྱལ་ཁབ་གཉིས་པོའི་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་ཕན་ཚུན་ཕྱར་བ་གྲུ་འདེགས་བྱས་པ་དང་རྒྱ་ཆེའི་ལས་གྲྭ་འཛུགས་སྐྲུན་པ་ཚོས་གངས་འཁྱགས་ཁྲོད་དུ་ས་འཐབ་གནམ་འཛིང་བྱས་ཏེ། འཛུགས་སྐྲུན་ལས་འགན་ཁག་ཆུ་ཚད་དང་སྤུས་ཚད་མཐོ་པོས་ལེགས་པར་བསྒྲུབས་ནས་འཛམ་གླིང་ཡོངས་ལ་རྒྱལ་ཁབ་ཆེན་པོའི་བཟོ་བོའི་བཟོ་རྩལ་རྩེར་སོན་མངོན་པར་བྱས་པ་དང་ཀྲུང་ཨུའི་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ཡོད། སོལ་རླངས་ཤར་འདྲེན་ཐུབ་པ་ནི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ་མཉམ་ལས་བྱེད་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན། དེས་ན་ཕྱོགས་གཉིས་པོས་དུས་བདེའི་མདོང་ལམ་དང་། ལྗང་མདོག་གི་མདོང་ལམ། འཕེལ་རྒྱས་ཀྱི་མདོང་ལམ། མཛའ་གྲོགས་ཀྱི་མདོང་ལམ་བཅས་བཏོད་དེ། མདོང་ལམ་འཛུགས་སྐྲུན་དང་གཏོང་འདྲེན་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པ་ཞིག་ཡོང་བའི་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་ནས་མདོང་ལམ་རྒྱུད་ཀྱི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ང་དང་ཙུང་ཐུང་ཕུའུ་ཅིང་གིས་ཐུན་མོང་ཐོག་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་མ་ཟད། ད་དུང་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རང་རང་སོ་སོའི་ཕྱི་འབྲེལ་གཟིགས་སྐྱོང་ཁ་ཕྱོགས་སུ་མུ་མཐུད་བརྩིས་ནས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ལས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐག་ཀྱང་བཅད་ཡོད། མིག་སྔར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སུ་གནས་པ་དང་ཀྲུང་ཨུའི་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་ཡང་འབད་བསྐྱར་འབད་བྱས་ཏེ། ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་དྲ་བའི་རྣམ་གྲངས་ངོ་དྲག་ཤོས་དེ་བས་མང་པོ་བཏོད་ནས། རྒྱལ་ཁབ་གཉིས་པོའི་རང་རང་སོ་སོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཕུའུ་ཅིང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བའི་དུས་འདིར། ཤར་རྒྱུད་རང་བྱུང་སོལ་རླངས་མདོང་ལམ་སྤྱད་ནས་སོལ་རླངས་ཤར་འདྲེན་ཐུབ་པར་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ལས་ཀྱང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། 2014ལོར་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྣམ་གྲངས་དེའི་མཉམ་ལས་ཡིག་ཆའི་ཐོག་མིང་རྟགས་བཀོད་པའི་བདེན་དཔང་ཐུན་མོང་ཐོག་བྱས་ཚུན། ཕྱོགས་གཉིས་པོའི་ཚོགས་པས་གནམ་གཤིས་ཤིན་ཏུ་ཞན་པ་ཁྱད་བསད་ཀྱིས་ལས་ཀ་ཧུར་ཐག་བྱས་ནས་དུས་བཀག་བཞིན་འཛུགས་སྐྲུན་ལས་འགན་ལེགས་པར་བསྒྲུབས་ཡོད། འབྱུང་འགྱུར་ལོ་ངོ་30ཡི་ནང་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་1མཁོ་འདོན་བྱ་རྒྱུ་ཡིན། དེ་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་བྱུང་བའི་2024ལོར་ཨུ་ཀྲུང་ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་གྲངས་ཨ་སྒོར་དུང་ཕྱུར་2000བར་མཐོ་རུ་འགྲོ་བར་བྱ་རྒྱུའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་ཕན་པ་ཞིག་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཚོན་རྟགས་རང་བཞིན་གྱི་འཐབ་ཇུས་མཉམ་ལས་རྣམ་གྲངས་དེ་བདེ་བླག་ངང་ལག་ལེན་ཐུབ་པའི་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"