མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཆེ་ཕ་ཐེ་ལུའུ་
ཧྲེ་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཨུའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལམ་སྲོལ་ཚོགས་འདུ་དང་ཀྲུང་ཨུའི་འཐབ་ཇུས་བདེ་འཇགས་གྲོས་བསྡུར་བྱེད་པར་ཕེབས་པའི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཆེ་ཕ་ཐེ་ལུའུ་ཧྲེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ཀྲུང་ཨུ་ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བདེ་བླག་ངང་གཉེར་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པར་བྱས་པ་རེད། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ལ་ཕྱོགས་སྐབས་ཀྲུང་ཨུས་དེ་བས་དམ་ཟབ་ངང་མཉམ་དུ་གནས་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་འཐབ་ཇུས་རོགས་ཟླ་བྱས་ནས་ཕན་ཚུན་དབར་བརྟན་ལ་ནུས་ལྡན་གྱི་འཐབ་ཇུས་རྒྱབ་སྐྱོར་བྱེད་དགོས་ལུགས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ཚུན་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་ཨུའི་ནང་ཁུལ་གྱི་དོན་དག་ལ་ཐེ་ཇུས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་བདག་དབང་གི་བདེ་འཇགས་ལ་འཇིགས་སྐུལ་བཟོས་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད། ཙུང་ཐུང་ཕུའུ་ཅིང་གིས་བྱེད་ཐབས་དེ་རིགས་ནི་རྦད་དེ་ནོར་འཁྲུལ་ཞིག་ཡིན་ཏེ། གཞན་ལ་གནོད་པ་ལས་རང་ངོས་ལ་ཕན་པ་མེད་ཅེས་གསུངས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་རྦད་དེ་མོས་མཐུན་ཡོད། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་ཀྱི་གོམ་སྟབས་ལ་འགོག་རྐྱེན་བཟོ་མི་ཐུབ་པ་དང་ཨུ་རུ་སུའི་མི་དམངས་ལའང་ཕྱི་ཕྱོགས་ཐེ་ཇུས་ཀྱི་ཤུགས་རྐྱེན་ཕོག་མི་སྲིད་ལ་རང་ཉིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མུ་མཐུད་བློ་རྩ་བརྟན་པོས་སྐྱོད་ཐུབ་ངེས་ཡིན་པར་ང་ཡིད་ཆེས་ཡོད། ཀྲུང་ཨུས་འཐབ་ཇུས་བདེ་འཇགས་གྲོས་བསྡུར་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་ལས་སྟེགས་གཉིས་པོ་མུ་མཐུད་ཡག་པོ་སྤྱད་དེ་འཐབ་ཇུས་བདེ་འཇགས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། རང་ངོས་ཀྱི་ལྟེ་བའི་ཁེ་ཕན་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ། ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
     ཕ་ཐེ་ལུའུ་ཧྲེ་ཕུའུ་ཡིས་ཨུ་ཀྲུང་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླ་ཞིག་ཡིན་པ་དང་མིག་སྔར། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོ་པོ་ཞིག་ཏུ་སླེབས་ཡོད། ཨུ་ཀྲུང་འབྲེལ་བ་གཞོམ་ཞིག་མེད་པ་ཞིག་རེད། མིག་སྔར་ཨ་རིས་ལག་བསྟར་བྱེད་པའི་སྲིད་ཇུས་རབ་དང་རིམ་པས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ཕན་ལ་གནོད་འཚེ་བཟོ་བ་མ་ཟད། ད་དུང་སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་ལ་ཤུགས་རྐྱེན་ངན་པའང་བཟོ་སྲིད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་ཐད་ཀྱི་ལངས་ཕྱོགས་གཅིག་པའམ་ཡང་ན་འདྲ་བས་ཕྱོགས་གཉིས་པོས་མུ་མཐུད་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་རང་ངོས་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་སྤྱིའི་འཐབ་ཇུས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། སྣ་མང་ཅན་གྱི་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་དང་རྒྱལ་སྤྱིའི་སྒྲིག་ལམ་གཞུང་དྲང་ཡོང་བ་བྱེད་དགོས་ངེས་རེད་ཅེས་གསུངས་པ་རེད།

  
style="display:none;"