འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

    ༄༅།།ཚོགས་འདུ་གཉིས་ལ་དམིགས་ཤིང་ཀྲུང་གོར་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་ཟླ་རིམ་གྱིས་འདས། དུས་ཚིགས་རེས་མོས་འགྱུར། སླར་ཡང་ཀྲུང་གོའི“ཚོགས་འདུ་གཉིས་འཚོགས་པའི་དུས”ལ་སླེབས། ཀྲུང་གོའི་རྒྱལ་ནང་ལ་མཚོན་ན་ལོ་གཅིག་དུས་གཅིག་གི་ཆབ་སྲིད་དོན་ཆེན་དུ་གྱུར་པའི་ཚོགས་འདུ་གཉིས་ནི་རིམ་བཞིན་འཛམ་གླིང་གིས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལྟ་ཚུལ་དང་། དཔལ་འབྱོར་གྱི་ཕྱི་འབྲེལ་སྲིད་ཇུས། སྤྱི་ཚོགས་ཀྱི་དམངས་འཚོར་དོ་ཁུར་བྱེད་ལུགས་བཅས་ལ་ལྟ་བའི་དཀར་ཁུང་གལ་ཆེན་ལྟ་བུར་གྱུར་ཡོད།
         ད་ལོའི་ཀྲུང་གོའི་ཚོགས་འདུ་གཉིས་ལ་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་དོ་སྣང་བླ་ལྷག་ཏུ་བྱེད་དེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱུན་མཐུད་ཉམས་པས་ཀྲུང་གོ་མུ་མཐུད་ངང་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུར་འགྱུར་ཐུབ་མིན་དང་། “གོ་ལ་ཧྲིལ་པོ་ཅན་ལ་ངོ་རྒོལ་བྱེད་པའི”མི་མངོན་པའི་རླབས་རྒྱུན་འོག་ཀྲུང་གོས་ཕྱོགས་མང་རིང་ལུགས་བརྟན་སྲུང་དང་ཕྱི་ཕྱོགས་སྒོ་འབྱེད་སྔར་བས་རྒྱ་ཆེར་ཇི་ལྟར་གཏོང་མིན་གྱི་ཐད་འཛམ་གླིང་སྨྱན་སྦྱོར་གྱིས་ཀྲུང་གོའི་ཚོགས་འདུ་གཉིས་ལ་དོ་སྣང་བྱས་ཡོད།
    དཔལ་འབྱོར་ལ་དམིགས་པ་སྟེ།
         གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་བར་དོ་སྣང་བྱེད་པ།
         “ང་ཚོའི་ཀློག་པ་པོས་ཀྲུང་གོའི་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་འཕར་བའི་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་སྔོན་དཔག་ལ་དོ་ཁུར་བླ་ལྷག་ཏུ་བྱེད། གང་ཡིན་ཞེ་ན་དེ་གཉིས་པོས་ད་ལོའི་གོ་ལ་ཧྲིལ་པོའི་ཉོ་ཚོང་དང་མ་འཇོག་གི་གཞི་ཁྱོན་ཐག་གཅོད་བྱེད”ཅེས་ཨེ་ཅིབ་ཀྱི་《གཏོར་གཟུགས་མཆོད་རྟེན་ཚགས་པར་》གྱི་གསར་འགོད་པ་ས་སྨི·ཁཱ་མུའུ་ཧ་ཝུའེ་ཡིས་བརྗོད། ཁཱ་མུའུ་ཧ་ཝུའེ་2015ལོར་ཀྲུང་གོར་ཡོང་ནས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་སྤེལ་མྱོང་ཡོད་པ་དང་། ལོ་དེར་ཕྱི་རྒྱལ་གྱི་གསར་འགོད་པ་3000ལྷག་གིས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་སྤེལ་ཚུལ་གྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག
         སར་པི་ཡར་གྱི་གསར་འགོད་པ་ཡ་ལི་ཧྲན་ཏ·ནུའོ་ཝ་ཆི་ཆི་ཀྲུང་གོར་ལོ་13ཙམ་སྡོད་མྱོང་། སྤྱིར་ན་ད་ཆ་ལས་འཁྱུར་བྱས་ཟིན་ནའང་ཁོང་གིས་ད་ལོའི་ཚོགས་འདུ་གཉིས་ཀྱི་དཔལ་འབྱོར་གྱི་གྲོས་གཞིར་སྔར་བཞིན་སེམས་ཁུར་བྱེད་ཀྱི་ཡོད། “ཀྲུང་གོའི་འཛུགས་སྐྲུན་ལས་གཞི་ཆེ་གྲས་སྒྲུབ་པ་དང་། ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ། འཛམ་གླིང་དུ་ཀྲུང་གོས་བསྐྲུན་པའི་ཟམ་ཆེན་དང་ལྕགས་ལམ་སོགས་ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་ཧྲིལ་པོས་དོ་ཁུར་བྱེད་རིན་ཡོད”
         ལྷོ་ཨ་ཧྥེ་རི་ཁ་ལྷོ་མའི་རང་དབང་སྨྱན་སྦྱོར་གྱི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་ཧྥུའུ་ལི·ཝུའེ་ཅི་སས་བསྟན་ན། དཔལ་འབྱོར་འཛུགས་སྐྲུན་ནི་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་ལས་འགན་ཨང་དང་པོ་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་འཕར་བའང་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོ་འཕེལ་རྒྱས་ཀྱི་སྐུལ་འདེད་སྟོབས་ཤུགས་གཙོ་བོའི་གྲས་ཤིག་རེད། ཁོང་གིས་ཀྲུང་གོའི་དཔལ་འབྱོར་གྱིས་ད་ལོ་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་ཐེབས་ངེས་པར་ཡིད་ཆེས་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཚོགས་འདུ་གཉིས་ནས་དེའི་ཐད་ཀྱི་བརྡ་རྟགས་སྔར་བས་མང་པོ་ཤེས་རྟོགས་བྱེད་ཐུབ་ངེས་རེད་ཅེས་བརྗོད།
         པེ་ཅིང་དུ་བཅའ་སྡོད་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གི་གསར་འགོད་པ་ལུའོ་མན·པ་ལན་ཅིན་གྱིས“ལོ་མང་རིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བར་འཛམ་གླིང་ཧང་སངས་ཡོད། ཀྲུང་གོའི་དཔལ་འབྱོར་འཕར་ཚད་དལ་དུ་ཕྱིན་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་དཔལ་འབྱོར་འཕར་སྟངས་ཇི་ལྟར་བསྒྱུར་བར་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད། སྤྱིར་ན་ཕྱི་ནང་གི་དཀའ་ངལ་སྣ་ཚོགས་འཕྲད་ཀྱང་ཀྲུང་གོ་སྲིད་གཞུང་གིས་གྲོས་འགོ་ཆེ་གྲས་ཁག་གཅིག་དོན་འཁྱོལ་དོར་མེད་པ་དཔེར་ན‘རྒྱུད་གཅིག་ལམ་གཅིག’དང་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལྟ་བུ་མི་མང་པོའི་ཕན་བདེ་དང་འབྲེལ་བ་ཡོད”ཅེས་བརྗོད།
         སྒྱུར་བཅོས་ལ་དམིགས་པ་སྟེ།
         རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་ལ་དོ་ཁུར་བྱེད་པ།
         “མོ་ཞི་ཁོ་རུ་ཡང་ཀྲུང་གོ་དང་འདྲ་བར་མི་འབོར་མང་། འོན་ཀྱང་ཀྲུང་གོ་སྲིད་གཞུང་གིས་མི་འབོར་མང་པོ་འདི་འདྲར་དོ་དམ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་བཏང་བ་དང་དབུལ་ཕོངས་ཇི་ལྟར་བསལ་བ། ཀྲུང་གོའི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་གྲུབ་འབྲས་འདི་འདྲ་ཇི་ལྟར་ཐོབ་པ་སོགས་མོ་ཞི་ཁོར་དཔྱད་གཞིའི་མེ་ལོང་གང་དག་མཁོ་འདོན་བྱེད་པ་འདྲི་འདོད་ཡོད”ཅེས་མོ་ཞི་ཁོར་བཅའ་སྡོད་《ཧྥུའུ་པུའུ་སི་》ཡི་གསར་འགོད་པ་ཨེན་ལི་ཁེ·ཨེའར་ནན་ཏེ་སིས་བརྗོད།
         “བོད་དུ་སྲིད་གཞུང་གིས་ཞིང་པར་སྲོལ་རྒྱུན་ལག་ཤེས་བཟོ་ཁང་སོགས་གཉེར་རྒྱུར་མཛུབ་ཁྲིད་བྱེད་པ་དང་། དངུལ་ཁང་གིས་ཞིང་པ་དེ་རིགས་ལ་སྐྱེད་མེད་དངུལ་བུན་བཏང་བ་ངས་དངོས་སུ་མཐོང་མྱོང་། ཀྲུང་གོས་གྲོང་གསེབ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་རྒྱལ་ཁབ་ཀྱི་ནོར་སྲིད་རྒྱབ་སྐྱོར་བརྒྱུད་རྒྱལ་དམངས་ལ་རོགས་རམ་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཉམས་མྱོང་རྒྱལ་ཁབ་གཞན་གྱིས་སློབ་སྦྱོང་བྱེད་པའི་མིག་དཔེར་འགྱུར་འོས”ཞེས་ཁཱ་མུའུ་ཧ་ཝུའེ་ཡིས་བརྗོད།
         ཕེ་རུ་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་7པའི་གསར་འགོད་པ་ཀྲེན་ཉེ་ཧྥུའུ·ས་ལ་སའར་གྱིས། ཀྲུང་གོས་བཟོ་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་ཇི་ལྟར་བྱེད་པ་ནི་དོ་ཁུར་བྱེད་རིན་ཡོད་པའི་གྲོས་གཞི་ཞིག་རེད་ཅེས་བརྗོད། ཁོ་མོས་ངེས་གསལ་ལྟར་ན། 2016ལོར་ཕེ་རུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་རིང་། ཀྲུང་གོའི་འགོ་ཁྲིད་པས་ཀྲུང་གོ་ལྗང་མདོག་གི་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུའི་ལྟ་ཚུལ་བཏོན་པ་ལས་ཀྱང་ཀྲུང་གོས་ཁོར་ཡུག་སྲུང་སྐྱོང་ལ་ལེགས་སྐྱེས་འབུལ་བཞིན་པ་གསལ་བཤད་ཐུབ་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་ཤུགས་རྐྱེན་བཟང་པོ་དང་དཔེ་སྟོན་ནུས་པའང་ཐོན་རྒྱུ་རེད་ཅེས་བརྗོད།
         ཁེན་ནི་ཡའི་འགྲེམས་སྤེལ་བྱེད་མང་ཤོས་ཀྱི་《མི་རིགས་ཉིན་རེའི་ཚགས་པར་》གྱི་གསར་འགོད་པ་མེ་ཁེའར་·ཨོ་ལི་ཏུའོ་ཡིས་འདི་ལོའི་ཚོགས་འདུ་གཉིས་ལ་ང་ཚོས་ཁོར་ཡུག་སྦགས་བཙོག་གི་གནད་དོན་ལ་ཀྲུང་གོས་ཁ་གཏད་གཅོག་ཐབས་གང་དང་གང་འདོན་རྒྱུ་ཡིན་པ་དང་། འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགལ་བ་དང་གདོང་གཏུག་ཇི་ལྟར་བསལ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། དེས་འཕེལ་རྒྱས་འགྲོ་བཞིན་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དཔྱད་གཞིའི་མེ་ལོང་དུ་འཛིན་པའི་དོན་སྙིང་ལྡན་ཡོད་ཅེས་བཤད།
         《མོང་གོལ་ཆ་འཕྲིན་ཚགས་པར་》གྱི་འགན་འཛིན་མོང་ཧོ་ཐུའུ་ལས་ཀྲུང་གོའི་རུལ་རྒོལ་གནད་དོན་ལ་དོ་ཁུར་ཆེ་ཤོས་བྱེད་ཀྱི་ཡོད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་རུལ་རྒོལ་ཁྱབ་ཁོངས་ལ་གྲུབ་འབྲས་མང་པོ་ཐོབ་པ་དེས་མོང་གོལ་རྒྱལ་ཁབ་ཀྱི་ངོས་ནས་དཔྱད་གཞིའི་མེ་ལོང་དུ་འཛིན་པའི་དོན་སྙིང་ཆེན་པོ་ལྡན་པའི་ངོས་འཛིན་བྱེད།
         ཕྱི་འབྲེལ་འབྲེལ་བར་དམིགས་པ་སྟེ།
         མཉམ་ལས་གཉིས་ཕན་གྱི་སྣེ་ཁྲིད་ལ་དོ་ཁུར་བྱེད་པ།
         “འདི་ལོའི་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ངས་དྲི་བ་ཇི་ལྟར་འདོན་ནམ་ཞེ་ན། ཐེ་རོན་ཕུ་ཨ་རིའི་ཙུང་ཐུང་བྱས་རྗེས་ཀྲུང་གོས་ཨ་རི་དང་འབྲེལ་བ་ཇི་ལྟར་འཛུགས་རྒྱུ་དང་། ཀྲུང་གོས་ཀྲུང་ཨའི་འབྲེལ་བའི་མདུན་ལམ་ལ་ལྟ་ཚུལ་ཇི་ལྟར་འཛིན་གྱི་ཡོད་ཅེས་ངས་ཐེ་ཚོམ་མེད་པར་འདྲི་སྲིད”ཅེས་ཁཱ་མུའུ་ཧ་ཝུའེ་ཡིས་དེ་ལྟར་བཤད་ཅིང་། ཁོང་གིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ནི་ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཚོགས་འདུ་གཉིས་ཀྱི་ཐོག་དོ་ཁུར་ཆེ་ཤོས་བྱེད་པ་ཞིག་ཡིན་པ་སྨོས་ཅི་དགོས་ཞེས་བཤད།
         པ་ལན་ཅིན་གྱིས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ལ་དོ་ཁུར་ཆེན་པོ་བྱེད་དོན་ནི། གོ་ལ་ཧྲིལ་པོའི་ལས་དོན་མང་པོ་ཐག་གཅོད་བྱེད་པའི་ཁྲོད་ཀྲུང་གོའི་གནས་བབ་རྒྱུན་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པས་རེད། དཔེར་ན་ཉམས་ཉེན་ཆེན་པོ་འཕྲད་པའི་རྒྱལ་ཁབ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱས་པ་དང་། ཕ་རི་སིའི་གནམ་གཤིས་ཆོད་ཡིག་ལ་མིང་རྟགས་འགོད་རྒྱུར་སྐུལ་མ་བཏང་བ་ལྟ་བུ་རེད་ཅེས་དང་། ཡང་ཁོང་གིས་ཀྲུང་གོས་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དང་འཚོ་གནས་ཀྱི་དབང་ཆར་འཛིན་པའི་ལྟ་ཚུལ་ལ་བརྩི་འཇོག་བྱེད་པར་མོས་མཐུན་བྱེད་ལ་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོས་རྒྱལ་ཁབ་གཞན་ལ་མིག་དཔེ་བསྟན་པའི་ངོས་འཛིན་ཡང་བྱེད།
         ཀྲུང་གོས་འབོད་སྐུལ་བྱས་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་བཅོས་སྒྱུར་དང“རྒྱུད་གཅིག་ལམ་གཅིག”འདི་ལོའི་ཚོགས་འདུ་གཉིས་ཀྱི“གླེང་མང་བའི་ཐ་སྙད”དུ་གྱུར་ཅིང་། “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་ལག་ལེན་བསྟར་བ་བརྒྱུད་སར་པི་ཡར་དཔལ་འབྱོར་འཕེལ་རྒྱས་ལ་མཁོ་བའི་མ་དངུལ་དང་ལག་རྩལ་རག་རྒྱུ་རེད”ཅེས་ནུའོ་ཝ་ཆི་ཆིས་བཤད།
         ཨོ་ལི་ཏུའོ་ཡིས་2013ལོར་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས“2063ལོའི་ཕུགས་འདུན”འཕེལ་རྒྱས་འཐབ་ཇུས་བཏོན་ཡོད། “རྒྱུད་གཅིག་ལམ་གཅིག”དང“2063ལོའི་ཕུགས་འདུན”ནི་ཀྲུང་གོའི་མི་དམངས་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས“ཀྲུང་གོའི་ཕུགས་འདུན”དང“ཨ་ཧྥེ་རི་ཁའི་ཕུགས་འདུན”འགྲུབ་པའི་བརྒྱུད་རིམ་ཁྲོད་གཏན་ལ་འཁེལ་བའི་འཕེལ་རྒྱས་འཐབ་ཇུས་ཤིག་ཡིན་པས། དེ་གཉིས་ཕན་ཚུན་སྦྲེལ་མཐུད་དང་གཅིག་ཕན་གཅིག་རོགས་བྱེད་ཐུབ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བསྟར་བ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་མུ་མཐུད་སྐུལ་མ་ཐེབས་ནས“2063ལོའི་ཕུགས་འདུན”འགྲུབ་རྒྱུར་ཕན་པ་ཡོད་ཅེས་བརྗོད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།