འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

    ༄༅།།དམངས་འཚོར་དོ་ཁུར་བྱས་ཏེ་འགན་འཁྲི་བསྒྲུབས། འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་
    འབད་བརྩོན་བྱས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་པེ་ཅིང་ཕྱིའི་འཐུས་མི་ཚོགས་པ་པེ་ཅིང་དུ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཆུ་ཚོད་7དང་སྐར་མ་24ལ་ཧར་པིན་ནས་ཡོང་བའི་མེ་འཁོར་ཐེངས་Z16དལ་གྱིས་པེ་ཅིང་མེ་འཁོར་བབས་ཚུགས་སུ་འབྱོར། པེ་ཅིང་དུ་ཨང་དང་པོར་འབྱོར་བའི་ཧེ་ལུང་ཅང་འཐུས་མི་ཚོགས་པར་སྨྱན་སྦྱོར་མང་པོའི་དོ་ཁུར་ཐོབ་ཅིང་། མེ་འཁོར་གྱི་སྒོ་ཕྱེ་མ་ཐག་གསར་འགོད་པས་འཚང་ཁ་ཤིག་ཤིག་ངང་པར་རྒྱག་འགོ་ཚུགས།
         དབན་ཏ་ཧྲན་དཀར་ཆུའི་ལས་རིགས་མ་རྐང་ཀུང་སིའི་ཏུང་ཧྲེ་ཀྲང་ཝང་ཅིན་ཧའེ་མེ་འཁོར་ནས་བབས་མ་ཐག་གསར་འགོད་པས་ཁོང་གི་ཕྱོགས་སུ་རྒྱུག་ནས་བཅར་འདྲི་བྱེད་སྐབས་ཁོང་གིས“འདི་ལོ་ངས་འཁྱེར་བའི་གྲོས་གཞིའི་ནང་དོན་གཙོ་བོ་བྱང་ཤར་བཟོ་ལས་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་གཏོང་རྒྱུའི་སྐོར་ལ། ད་དུང་མི་རིགས་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ནང་དོན་ཡོད”ཅེས་གསུངས།
         ཧེ་ལུང་ཅང་ནི་ཞིང་ལས་ཞིང་ཆེན་ཞིག་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་ཞིང་ཨུད་ཀྱི་བརྟག་ཞིབ་པ་གཞོན་པ་ཐང་ཀྲེ་ཅོན་གྱིས་བསྣམས་པའི་གྲོས་གཞི་གཉིས་པོ་ཞིང་ལས་དང་འབྲེལ་བ་ཡོད་པའི་ནང་ནས་གཅིག་ནི་ཞིང་ལས་མཉམ་ལས་ཁང་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་གཅིག་ཤོས་ནི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་དེ་ཡིན། “མི་དམངས་ཀྱིས་ང་འཐུས་མིར་བདམས་ནས་ཁོང་གིས་ཡིད་ཆེས་གནང་བ་དེར་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུ་ཡིན”ཞེས་གསུངས།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧར་པིན་གྲོང་ཁྱེར་སྨན་ཁང་བཞི་པའི་རྒན་རྒོན་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཀའོ་ཀོང་ཧྲེང་གིས་བསྣམས་པའི་གྲོས་གཞི་མང་ཆེ་བ་མི་སེར་གྱི་བདེ་ཐང་དང་འབྲེལ་བ་ཡོད། ཁོང་གིས“མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ངས་མི་དམངས་ཀྱི་མངགས་བཅོལ་ཆུད་ཟོས་སུ་གཏོང་གི་མིན། སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་མང་ཙམ་འདོན་པ་དང་བྱ་བ་དང་དོན་དངོས་མང་ཙམ་སྒྲུབ་རྒྱུ་ཡིན”ཞེས་གསུངས།
         ཆུ་ཚོད་11དང་སྐར་མ་30ཙམ་ལ་རྒྱལ་སའི་གནམ་ཐང་དུ་བོད་ཀྱི་འཐུས་མི་ཚོགས་པ་བཞུགས་པའི་གནམ་གྲུ་འབྱོར་ཞིང་། ཕྱི་གོས་ཟིང་སྐྱ་གྱོན་པ་དང་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་པའི་འཐུས་མི་པད་མ་ཆོས་སྒྲོན་ལ་གསར་འགོད་པས་བཅར་འདྲི་ཞུས། ལོ་33ལ་སླེབས་ཤིང་མོན་པ་་རིགས་ཡིན་པའི་ཁོང་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྩ་འཛུགས་ཨུ་ཡོན་བཅས་ཡིན་ལ་བོད་ཀྱི་འཐུས་མིའི་ནང་ནས་ལོ་ཆུང་ཤོས་ཀྱི་འཐུས་མི་ཡང་ཡིན། “ལོ་དེ་དག་ནང་མཐའ་མཚམས་ས་ཁུལ་གྱི་འཚོ་བའི་ཆུ་ཚད་ཆེས་ཆེར་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་འཚོ་བའི་ཆ་རྐྱེན་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད། སྲིད་ཇུས་འགོད་ཕྱོགས་དང་། མ་དངུལ་བཀོད་སྒྲིག རྣམ་གྲངས་ལག་བསྟར་སོགས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཆུང་ངུར་ཕྱོགས་ནས་གྲོང་ཚོ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་འགྲོ་རྒྱུ་དང་མཐའ་མཚམས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མཐོ་རུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་གསུངས།
         འཐུས་མི་ཚོགས་པ་རིམ་གྱིས་འབྱོར་བས་འཐུས་མི་བཞུགས་སའི་མགྲོན་ཁང་གི་ལས་མི་རྣམས་བྲེལ་བས་ཁེངས། འཐུས་མིའི་བཞུགས་གནས་སུ་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཨན་ཧུའེ་ཞིང་ཆེན་ཐའེ་ཧོ་རྫོང་ཅིའུ་ཤན་གྲོང་རྡལ་ཀྲང་ཁུའེ་གྲོང་ཚོའི་འབྲུ་འདེབས་དུད་ཚང་ཆེ་མོ་ཞུས་ཚུང་ཤང་འཕྲད་བྱུང་། ལོ་64ལ་སླེབས་པའི་སྐབས་དང་པོའི“རྒྱལ་ཡོངས་ཀྱི་ཞིང་པ་རྩེ་གྲ་བཅུའི”མཚན་སྙན་ཐོབ་པའི་ཁོང་གིས་འཁྱེར་བའི་གྲོས་གཞི་དང་གྲོས་འགོ་ཚང་མ་ནི“ཞིང་གསུམ”དང་འབྲེལ་བའི་སྐོར་གྱི་གྲོས་གཞི་ཤ་སྟག་རེད། “ངས་མིང་དོན་མཚུངས་པའི་ཞིང་པའི་འཐུས་མི་ཞིག་བྱ་རྒྱུ་མ་ཟད། ཞིང་པའི་སེམས་ནང་བསམ་པའི་སྐད་ཆ་བཤད་དེ་ཞིང་གསུམ་གྱི་དཀའ་གནད་ཐག་གཅོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་གསུངས།
         དམངས་འཚོར་དོ་ཁུར་བྱས་ནས་འགན་འཁྲི་སྒྲུབ་རྒྱུ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་འབད་བརྩོན་བྱ་རྒྱུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་འཐུས་མི་ཚོས་གསར་འགོད་པར་བརྗོད་པའི་སྙིང་གཏམ་ཡིན། མ་འོངས་ཉིན་བཅུ་ལྷག་ཙམ་ནང་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་གཅིག་འབུལ་རྒྱུ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།