འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་གསར་འགྱུར་ཡོངས་
    བསྒྲགས་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་ཚེས་2ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཝང་གོ་ཆིང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ཝང་གོ་ཆིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་དང་ཟླ་3ཚེས་13ཉིན་གྱི་སྔ་དྲོ་གྲོལ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
         མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་དང་སྲིད་གྲོས་ཚོགས་ཆེན་གྱི་འགོ་འཛུགས་ཚོགས་འདུ་དང་། མཇུག་སྒྲིལ་ཚོགས་འདུ། ཚོགས་ཆེན་གྱི་གཏམ་བཤད་བྱེད་ཐེངས་གསུམ་བཅས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་སྒོ་མོ་ཕྱེ་རྒྱུ་རེད།
         དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཧུར་ཐག་བཏང་བ།
         དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ཝང་གོ་ཆིང་གིས་ན་ནིང་རྒྱལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཕན་འབྲས་ཆེན་པོ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པ་དཔེར་ན་ཧྲའན་ཤིས་ལུའོ་ཁྲོན་གྱི“ཀུ་ཤུ་ཆུང་ངུ་ལས་ཐོན་ལས་ཆེན་པོ་གཏོད་པའི”ཉམས་མྱོང་དེ་ཆེད་དོན་སྲིད་མོལ་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་སྤེལ་བ་རེད། “གནས་ཚུལ་འཕྱུགས་མེད་ངང་རྟོགས་པ་དང་། གནད་དོན་གསལ་པོ་མཐོང་བ། གྲོས་འགོ་ཏན་ཏིག་འདོན་པ”བཅས་བྱ་ཆེད་ཨུ་ཡོན་ཚོས་ཆེད་དོན་6ལ་དམིགས་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་16ཏུ་བརྟག་ཞིབ་བྱེད་པར་བསྐྱོད་ཡོད། འདི་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་དུང་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་བཀོད་སྒྲིག་འགངས་ཆེན་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་རང་བཞིན་གྱི་བརྟག་ཞིབ་བྱ་རྒྱུ་དང་འབྲེལ“གནད་སྨིན་དབུལ་སྐྱོར་ལག་བསྟར་བྱེད་པའི་ཁྲོད་ལྷག་པའི་གནད་དོན་དང་གྲོས་འགོའི”ཆེད་དོན་སྲིད་མོལ་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་ཅེས་གསུངས་པ་རེད།
         ཞིང་པའི་འབབ་འཕར་གྱི་གནད་དོན་ཐད་ཝང་གོ་ཆིང་གིས་ན་ནིང་ཞིང་པའི་ཡོང་འབབ་འཕར་ཚད་འགོར་དུ་འགྲོ་རྐྱེན་ཧ་ཅང་མང་བ་དང་གཙོ་བོ་ནི་སྤོམ་ཆེའི་ཞིང་ལས་ཐོན་ཟོག་ཁ་ཤས་ཀྱི་རིན་གོང་དམའ་བ་དང་། ཞིང་པ་ཕྱི་ཕྱོགས་སུ་ལས་ཀ་བྱེད་པའི་ཡོང་འབབ་འཕར་ཚད་ཆུང་བ། ཞིང་ཕན་ཁ་གསབ་འཕར་ཚད་འགོར་བ་སོགས་རེད། སྲིད་གྲོས་ཨུ་ཡོན་གྱིས་ཞིང་ལས་ཀྱི་ཁ་གསབ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་གྲོས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་ལ་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་པ།
         ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་ཞིབ་ཕྲའི་གྲོས་འགོ་བཏོན་ཡོད། འདི་ལོ་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་གཙོ་བོ་ནི་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རེད། སྲིད་གྲོས་ཨུ་ཡོན་གྱིས“ཞིང་གསུམ”གནད་དོན་ལ་སྔར་རྒྱུན་བཞིན་དོ་ཁུར་བྱས་ཏེ་བརྟག་དཔྱད་ཧུར་ཐག་དང་ཐབས་འདོན་ཇུས་འགོད་བྱ་རྒྱུ་རེད་ཅེས་གསུངས།
         2016ལོ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་ཡིན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་འཛུགས་ལོའང་རེད། ཝང་གོ་ཆིང་གིས་མི་དམངས་སྲིད་གྲོས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པར་ཐབས་འདོན་ཇུས་འགོད་བྱེད་པ་ལས་ཀའི་གཙོ་རྐང་དུ་བརྩིས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལས་འགན་འགངས་ཆེན་དམ་བཟུང་གིས་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་བརྟག་ཞིབ་དང་སྲིད་མོལ་བྱེད་སྒོ་སྤེལ་ནས་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་ནུས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ལྟ་ཞིབ་བརྟག་ཞིབ་བྱེད་སྒོ་ཁག་91སྤེལ་བ་དང་། ཨུ་ཡོན་མི་ཐེངས་1408བརྟག་ཞིབ་བྱེད་སྒོར་ཞུགས་པ། ཆེད་དོན་སྲིད་མོལ་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་2དང་། ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་3 གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་16བཅས་འཚོགས་པ། གྲོས་གཞི་ཁག་5769ཕུལ་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་མཚོན་པའི་ཆ་འཕྲིན་8678འབྱོར་བ་བཅས་རེད། ལྷག་པར་དུ་དབུལ་སྐྱོར་ཕན་འབྲས་ཆེ་རུ་གཏོང་བ་དང་། བྱང་ཤར་གྱི་ཞིང་ཆེན་གསུམ་གྱི་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྨན་དང་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཆེད་དོན་བརྟག་ཞིབ་དང་སྲིད་མོལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
         བྱང་ཤར་དར་སྤེལ་གཏོང་རྒྱུའི་ཐད་ཝང་གོ་ཆིང་གིས་བརྟག་ཞིབ་བྱས་ཚུལ་ནས་བལྟས་ན་བྱང་ཤར་དར་སྤེལ་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། བྱང་ཤར་དར་སྤེལ་གཏོང་བར་སྟོབས་དང་ལྡན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དགོས་ལ། ཡིད་ཆེས་བརྟན་པོའི་འདེགས་སྐྱོར་དེ་བས་ཡོད་དགོས། ད་ཆ་བྱང་ཤར་ཞིང་ཆེན་གསུམ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ནས་ལེགས་སུ་འགྲོ་བའི་རྟགས་མཚན་མངོན་གསལ་དོད་དུ་འགྲོ་འགོ་ཚུགས་ཡོད། སྲིད་གྲོས་ཀྱིས་བྱང་ཤར་དར་སྤེལ་གཏོང་ཆེད་ཐབས་དང་ཇུས་བཟང་པོ་ཏན་ཏིག་རྒྱུན་ཆད་མེད་པར་འདོན་རྒྱུ་རེད་ཅེས་གསུངས།
         “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལས་ཤང་ཀང་དུ་ཐོབ་པའི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱི་ཁས་ལེན་ཐོབ་པ།
         འདི་ལོ་ནི་ཤང་ཀང་མེས་རྒྱལ་པང་དུ་ལོག་ནས་ལོ་20འཁོར་བའི་ལོ་ཞིག་རེད། ཝང་གོ་ཆིང་གིས་ལོ་20ཡི་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལས་ཤང་ཀང་དུ་ཐོབ་པའི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱི་ཁས་ལེན་ཐོབ་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་དང་ཤང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་བའི་དམིགས་ཡུལ་རེད། ཀྲུང་དབྱང་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱེད་པའི་མཛད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་སྟེ། གཅིག་ནི་བློ་བརྟན་འགྱུར་མེད་ངང་འགྱུར་ལྡོག་དང་གཡོ་འགུལ་མི་གཏོང་བ་དང་། གཉིས་ནི་ཕྱོགས་ཡོངས་དང་འཕྱུགས་མེད་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་བར་ངོ་བོ་མི་འགྱུར་བ་དང་རྣམ་པ་མི་འགྱུར་བའི་འགན་ལེན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དེ་རེད། ཕན་ཚུན་གྱི་ཁེ་ཕན་དང་དོ་ཁུར་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། ཚུལ་མཐུན་དངོས་སྒྲུབ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཚེ་གཞི་ནས་ཕྱོགས་འགལ་ཆུང་དུ་འགྲོ་བ་དང་། འགལ་ཟླ་སེལ་བ། གདོང་གཏུག་མི་ཐོན་པ་བཅས་བྱུང་ནས་ཤང་ཀང་འཛུགས་སྐྲུན་ཡག་པོ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱས་ནས་མཉམ་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོན་པའི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཐུབ་ཅེས་གསུངས།
         ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམིགས་བསལ་སྲིད་འཛིན་དཔོན་འདེམས་བསྐོ་བྱེད་གྲབས་ཡོད་པར་དམིགས་ནས། ཝང་གོ་ཆིང་གིས་འདེམས་བསྐོ་ཁྲིམས་ལྟར་དང་། གོ་རིམ་ལྡན་པ། བདེ་བླག་བཅས་ཀྱིས་སྤེལ་ཐུབ་པའི་རེ་བ་ཡོད། ང་ཚོས་ཤང་ཀང་གིས་རྒྱལ་ཁབ་ལ་དགའ་ཞེན་དང་ཤང་ཀང་ལ་དགའ་ཞེན་དང་། ཀྲུང་དབྱང་གི་ཡིད་ཆེས་ཐོབ་པ། དོ་དམ་དང་བཅོས་སྐྱོང་གི་ནུས་པ་ལྡན་པ། ཤང་ཀང་བའི་བརྩི་བཀུར་ཐོབ་པ་བཅས་ཀྱི་སྲིད་འཛིན་དཔོན་ཞིག་འདེམས་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།