མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འགོ་ཚུགས་པ།

             ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།
             ཡུས་ཀྲེང་ཧྲེང་གིས་ཕྱོགས་7གྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་2016ལོ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ཀྱི་ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ལོ་རྒྱུས་ལ་འགན་འཁུར་ཕོད་པ་དང་། འཐབ་ཇུས་ཀྱི་ཚུགས་ནུས་རྒྱུན་འཁྱོངས་བྱེད་པ། རྙོག་འཛིང་ཆེ་བའི་གནས་ཚུལ་གྱི་ཁ་ལོ་སྒྱུར་བ། སྒྱུར་བཅོས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེའི་དཔུང་སྐྱོད་བྱེད་འགོ་ཚུགས་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་པས་གྲུབ་འབྲས་མངོན་གསལ་དོད་པོ་གསར་པ་ཐོབ་ཡོད། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་དང་། དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་གསར་པ་གལ་ཆེན་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དངོས་སུ་གསལ་སྟོན་གནང་ཡོད་པས་དེ་ཐོག་ནས་ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་ཡོད་ཅིང་། དེ་ནི་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་། ཡུན་རིང་བདེ་འཁོད་ཡོང་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།
             ཀྲུང་གུང་ཀྲུང་དབྱང་གི་སྟོབས་ལྡན་འགྱུར་མེད་ཀྱི་འགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པ། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་དང་གཏིང་ཟབ་བྱེད་པ། གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། དམངས་གཙོའི་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་ཕྱིན་པ། མཐུན་སྒྲིལ་མཐུན་འབྲེལ་བྱེད་རྒྱ་ཆེ་རུ་ཕྱིན་པ་བཅས་བྱུང་སྟེ“ལོ་ལྔ་ཚན་བཅུ་གསུམ་པ” འགོ་ཡག་པོ་འཛུགས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
             ཡུས་ཀྲེང་ཧྲེང་གིས་2017ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་རེད། མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ་། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་ཁག་གི་ཚོགས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་སྒྲིག་འཛུགས་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་ལ་དམིགས་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་སྲ་བརྟན་གཏོང་བའི་སྲོག་མདའ་ལྟ་བུར་བརྩི་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་རྒྱུར་དམིགས་ནས་ཐབས་འདོན་ཇུས་འགོད་བྱེད་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་འཛིན་པ། བསམ་བློའི་སྣེ་ཁྲིད་དང་། སྟོབས་ཤུགས་གཅིག་སྒྲིལ། སྲིད་གླེང་ཇུས་འདོན། ཁྱོན་ཡོངས་ལ་ཞབས་ཞུ་བཅས་ཀྱི་ལས་དོན་ཁག་ནུས་ལྡན་ངང་ལེགས་པར་སྒྲུབ་པ། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་དེ་རེད་ཅེས་མཛུབ་སྟོན་གནང་བ་རེད།
             ཡུས་ཀྲེང་ཧྲེང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་བ་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བཅས་གནང་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ་། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་མི་དམངས་སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་དམངས་གཙོའི་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་རྒྱུའི་ཐད་བཀོད་སྒྲིག་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《 མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》 འགྲེམས་སྤེལ་བྱས་ཡོད། དེ་དག་ཚང་མས་དུས་བབ་གསར་པའི་འོག་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་རང་རྟོགས་ངང་བརྩི་སྲུང་ཞུ་བ། དམངས་གཙོའི་ལྟ་སྐུལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལྟ་སྐུལ་བྱེད་མཁས་པ་དང་ལྟ་སྐུལ་ངོ་མ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ལེགས་ཆ་དང་ཁྱད་ཆོས་མངོན་པར་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
            རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་ཡིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་སྒྲོན་གནང་ཞིང་། ཁོང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་ཆེད་བཙུགས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་རྒྱུར་དམིགས་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ཐབས་འདོན་ཇུས་འགོད་བཅས་བྱས་ནས་གྲོས་གཞི་5769ཕུལ་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞི་4279ཐོ་འགོད་བྱས་པ། 2017ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་99.84%སྒྲུབ་ལན་སློག་ཡོད་པ་རེད།

【1】  【2】