འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

    ༄༅།།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ཆེད་དུ་ནུས་སེམས་
    གཅིག་ཏུ་སྒྲིལ་དགོས།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་འགོའི་དུས་སུ་ཚོགས་འདུ་གཉིས་སླར་ཡང་འགོ་ཚུགས་ཤིང་། ཏང་ཤོག་ཁག་གི་ཚོགས་པ་དང་། མི་རིགས་ཁག ལས་རིགས་ཁག་བཅས་ཀྱི་སྲིད་གྲོས་ཨུ་ཡོན་2000ལྷག་ཙམ་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་པ་དང་སྦྲགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའང་དངོས་སུ་འགོ་ཚུགས་པ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
         འདས་ཟིན་པའི་ལོ་གཅིག་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་གཅིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་པ་དང་ཆབས་ཅིག་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་དཔུང་སྐྱོད་བྱེད་འགོ་བརྩམས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་བྱེད་འགོ་བཙུགས་པ། སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པར་བྱས་ཡོད། ཏང་གི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་ཀྲུང་དབྱང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་སྲིད་གླེང་བྱས་པ། དམངས་གཙོ་ལེགས་སུ་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་འགན་འཁྲི་གཙང་སྒྲུབ་བྱས་པ། རང་ངོས་འཛུགས་སྐྱོང་ལ་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱབ་པ། འགན་སྒྲུབ་ཀྱི་ཆུ་ཚད་མཐོ་རུ་བཏང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད་ལ“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་ཞིག་འཛུགས་ཕྱིར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
         དེང་གི་ཀྲུང་གོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ཅིག་བྱེད་བཞིན་ཡོད། དམིགས་ཚད་ཇི་ཙམ་རླབས་ཆེ་བ་དང་། བསམ་འདུན་ཇི་ཙམ་གྱིས་འོད་སྣང་ལྡན་པ། འགན་འཁྲི་ཇི་ཙམ་ཆེ་བ་དང་། ལས་འགན་ཇི་ཙམ་གྱིས་ལྕི་བ། ང་ཚོས་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་དགོས་པ་དེ་ཙམ་གྱིས་ཆེ་བ་དང་། ཐུན་མོང་གི་ངོས་འཛིན་དེ་ཙམ་གྱིས་རྒྱ་ཁྱབ་ཏུ་གཅིག་མཐུན་ཡོང་བ་པ་དང་མཐུན་སྒྲིལ་དེ་ཙམ་གྱིས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཀྱི་ཡོད། མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ལ་འཐུས་ཚབ་རང་བཞིན་ཆེ་བ་དང་། འབྲེལ་རྒྱ་ཆེ་བ། བསྟུན་མཁས་རང་བཞིན་ཆེ་བ་བཅས་ཀྱི་ལེགས་ཆ་ལྡན་ཡོད། ཨུ་ཡོན་རྣམ་པ་ཚོས་རང་འགན་གཙང་སྒྲུབ་དང་། བློ་སྡུད་དགེ་འཚོལ། བློ་རིག་གཅིག་སྡུད་བཅས་བྱས་ཏེ་དམངས་ཡོངས་ཀྱི་ཁེ་ཕན་གྱི་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་བ་དང་དམངས་སེམས་དང་དམངས་འདོད་ཀྱི་ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་བར་འབད་བཞིན་ཡོད་ལ་ང་ཚོས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཕྱིར་དྲང་ནུས་ཆེ་ཤོས་གཅིག་ཏུ་འགྲིལ་རྒྱུ་ཡིན།
         2017ལོར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་རེད། ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྲོག་ཤིང་དུ་བརྩི་བ། “འདུ་ཤེས་བཞི”སྲ་བརྟན་དུ་གཏོང་བ། “གདེང་ཚོད་བཞི”ཆེ་རུ་གཏོང་བ་བཅས་བྱས་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུ་དང་། ཚོགས་ཆེན་བཅུ་དགུ་པར་ཞབས་འདེགས་ཞུ་རྒྱུ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་ལོ་ཧྲིལ་པོར་ཁྱབ་པའི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། 2017ལོ་དེའང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་ཀྱང་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་ལ་དམིགས་ཏེ་ཐབས་འདོན་ཇུས་འདོན་བྱ་རྒྱུ་ནི་འདི་ལོའི་སྲིད་གྲོས་ཀྱི་འགན་འཁྲི་གཙང་སྒྲུབ་ཀྱི་ལས་དོན་སྤེལ་ཕྱོགས་གཙོ་བོ་ཞིག་རེད། ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། སྒྱུར་བཅོས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་རིགས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གླེང་མང་ལ་ཐག་གཅོད་དཀའ་བའི་གནད་དོན་བཅས་ལ་དམ་པོར་དམིགས་ཏེ་ལྕག་འདེབས་མང་ཙམ་བྱེད་པ་དང་། ཇུས་བཟང་མང་ཙམ་འདོན་པ། ཐབས་དངོས་མང་ཙམ་འགོད་པ་བཅས་ཀྱི་ཐོག་ནས་ཏང་དང་སྲིད་གཞུང་ལ་དཔྱད་གཞི་མཁོ་འདོན་བྱེད་དགོས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ལ་རམ་འདེགས་ཀྱང་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་བསམ་བློའི་ཁྲིད་སྟོན་དང་། སྟོབས་ཤུགས་གཅིག་སྒྲིལ། སྲིད་གླེང་གྲོས་འདོན། སྤྱི་ཡོངས་ལ་ཞབས་ཞུ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད།
         དམངས་གཙོའི་ལྟ་སྐུལ་ནི་མི་དམངས་སྲིད་གཞུང་གི་འགན་ནུས་གལ་ཆེན་ཞིག་ཡིན་ལ་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ལས་དོན་གྱི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱས་པའི་རྨང་གཞིའི་ཐོག་སྲིད་གྲོས་ཀྱི་སྒྲིག་ཡིག་གཞིར་བཟུང་བསམ་འཆར་འདོན་པ་དང་། སྐྱོན་བརྗོད་བྱེད་པ། གྲོས་འགོ་འདོན་པ་བཅས་ཀྱི་བྱ་ཐབས་བརྒྱུད་བྱས་པའི་གྲོས་མཐུན་རྣམ་པའི་ལྟ་སྐུལ་ཞིག་ཡིན་པ་དང་། གྲོས་མཐུན་ནི་ཐབས་ཤེས་དང་རྩ་དོན་ཞིག་ཡིན། ལྟ་སྐུལ་ནི་བྱ་ཐབས་དང་བརྒྱུད་རིམ་ཞིག་ཡིན། དམིགས་ཡུལ་ནི་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་གནད་དོན་ཐག་གཅོད་དང་། ལས་དོན་ལེགས་བཅོས། མཐུན་སྒྲིལ་དམ་ཟབ། ནུས་སེམས་གཅིག་སྒྲིལ་བཅས་བྱ་རྒྱུ་དེ་ཡིན། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་བྱེད་སྒོ་སྤེལ་བར་དམངས་གཙོའི་བྱ་ཐབས་དང་གྲོས་བསྡུར་གྱི་བྱ་ཐབས་མཐའ་འཁྱོངས་བྱས་ཏེ་དགེ་མཚན་ལྡན་པའི་བསམ་འཆར་མང་ཙམ་འདོན་དགོས། ཟུར་ལྟ་དང་སླ་བཅོས་མི་བྱེད་པར་གང་བསམ་ལྷུག་པོར་གླེང་ནས་ཚུལ་དང་མཐུན་ཞིང་ཚད་ཡོད་པ་དང་ཁྲིམས་དང་མཐུན་ཞིང་སྒྲིག་སྲོལ་དང་མཐུན་པ་བྱས་ན་ང་ཚོས་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཁྲོད་མཐུན་ཆ་ཆེར་གཏོང་དང་། མི་སེམས་གཅིག་འགྲིལ། སྟོབས་ཤུགས་གཅིག་འགྲིལ་བཅས་བྱེད་ཐུབ་ངེས་ཡིན།
         ད་ཐེངས་ཀྱི་ཚོགས་འདུ་ནི་སྐབས་འདིའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་མཇུག་ཤོས་དེ་ཡིན། ཨུ་ཡོན་རྣམ་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཡང་འབད་བསྐྱར་འབད་བྱེད་པ་དང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། འགན་འཁྲི་ནན་པོ་ཕྲག་ཏུ་འཁུར་བ། དེ་བཞིན་འབད་འབུངས་ཡར་བརྩོན་གྱི་སྤྲོ་སེམས་དང་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་ཐོག་ནས་འདྲ་མཉམ་ངང་གྲོས་བསྡུར་བྱེད་པ་དང་། སྦ་གསང་མེད་པར་བསམ་འཆར་འདོན་པ། ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་ཞིག་ཚོགས་ནས་ཀྲུང་གོའི་གསུང་སྒྲ་དེ་བས་མང་བ་འདོན་པ་བཅས་བྱས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང“ལོ་བརྒྱ་གཉིས”ཀྱི་རླབས་ཆེའི་དམིགས་ཚད་མངོན་འགྱུར་བྱ་ཆེད་ནུས་སེམས་གཅིག་ཏུ་འགྲིལ་རྒྱུའི་རེ་བ་ཡོད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།