འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་22ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་25ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ལི་ཀྲན་ཧྲུའུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་22ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འཐུས་མི་རྣམ་པ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ངས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་ལས་དོན་གཙོ་བོ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་ལོ་གཅིག་ལྷག་རིང་ནི་རང་རེའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལས་སླ་པོ་ཞིག་དང་སྤྱིར་བཏང་ཞིག་གཏན་ནས་མིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱེད་པ་དང་། རླབས་རྒྱུན་གྱི་མདུན་དུ་ཀྲོང་ངེར་འགྲེང་ཐུབ་པ་དང་འགན་འཁྲི་འཁུར་ཕོད་པ། འགྲན་སློང་ཆེན་པོ་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཚབས་ཆེན་བཀག་འགོག་བྱེད་པ། གནད་དོན་གལ་ཆེན་ཐག་གཅོད་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གནད་ཆེའི་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ཡོད། ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་བྱུང་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དེ་དོན་ཆེན་ཨང་དང་པོར་བཞག་ནས་དམ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་ཞིང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་ལེགས་པོར་བརྒྱབ་ཡོད། དཀའ་སྤྱད་ཚད་མེད་ཀྱི་འབད་འཐབ་བྱས་པ་བརྒྱུད། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། འདིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྣེ་ཁྲིད་སྟོབས་ཆེན་དེ་ཡང་བསྐྱར་མངོན་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་རྒྱབ་ཕྱོགས་སུ་འདིང་བ་དང་། ཞུམ་མེད་བརྟན་བརླིང་ཡིན་པ། སྣེ་ཁྲིད་ཕྱོགས་སྟོན་དང་ཁ་ལོ་སྒྱུར་ནས་མདུན་དུ་སྐྱོད་པའི་འགོ་ཁྲིད་ཀྱི་ནུས་པ་ཕུལ་དུ་བྱུང་བ་དེ་བསྟན་ཡོད་ལ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་ཅན་མཚོན་ཞིང་། ཀྲུང་ཧྭའི་བུ་ཕྲུག་ཚོའི་འབད་བརྩོན་ལྷོད་མེད་དང་དཀའ་ཁག་གང་ལའང་གཉའ་མི་ཆག་པར་དཀའ་ཁག་ཐམས་ཅད་ལས་རྣམ་པར་རྒྱལ་ཕོད་པ། དཀའ་སྡུག་ཁྲོད་འཚར་ལོངས་བྱུང་ཞིང་དཀའ་སྡུག་ཁྲོད་སྤོབས་པ་ཆེར་བསྐྱེད་ཀྱི་དཔའ་ཉམས་མངོན་ཡོད།
     རིམས་ནད་ཐོན་པ་ནས་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་གནང་ཞིང་། མྱུར་ཏུ་བྱ་སྤྱོད་སྤེལ་བ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ་རི་སྐྱེས་སྲོག་ཆགས་ཁྲིམས་མཐུན་མ་ཡིན་པར་ཉོ་ཚོང་དང་ཟས་སུ་སྤྱོད་པ་ཕྱོགས་ཡོངས་ནས་གཏན་འགོག་བྱ་རྒྱུའི་སྐོར་གྱི་ཆོད་དོན་བཟོས་པ་བརྒྱུད། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱས་ནས་སྤྱི་ཚོགས་དཔལ་ཡོན་དར་བ་དང་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་བླང་བྱ་དང་འཚམ་པར། སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ལ་གཞིགས་ནས། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་ཤུགས་ཆེ་རུ་གཏོང་བའི་ཁྲིམས་འཛུགས་དང་ཁྲིམས་བཅོས་ལས་དོན་བཀོད་སྒྲིག་དང་འགོ་བཙུགས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་ཡོད། སྤྱི་ཚོགས་ཀྱི་དོ་འཁུར་ལ་ཨ་ལན་སློག་པ་དང་། རང་འགུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་བཅའ་ཁྲིམས་དྲིལ་སྒྲོག་དང་འགྲེལ་བཤད་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ཐད་ལ་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད།
     ལོ་གཅིག་ལྷག་རིང་། རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ལག་བསྟར་ནན་ཏན་བྱས་ནས་ཁྱོན་བཅའ་ཁྲིམས་ཀྱི་མ་ཟིན་དང་ཆོད་དོན་གྱི་མ་ཟིན་48ལ་གྲོས་ཞིབ་བྱས་པ་དང་། མ་ཟིན་ཁག་34ལ་གྲོས་འཆམ་བྱུང་ཡོད། དེའི་ནང་བཅའ་ཁྲིམས་ཁག་5བཟོས་པ་དང་། བཅའ་ཁྲིམས་ཁག་17ལ་བཟོ་བཅོས་བརྒྱབ་པ།  བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཆོད་དོན་ཁག་12བཟོས་ཡོད། སྙན་ཞུ་39ལ་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། བཅའ་ཁྲིམས་ཁག་6ལག་བསྟར་བྱས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཆེད་དོན་འདྲི་རྩད་ཐེངས་3དང་ཆེད་དོན་བརྟག་དཔྱད་ཞིབ་འཇུག་7སྤེལ་ཡོད་ལ། གྲོས་ཆོད་1བཏོན་ཡོད། ཕྱོགས་གཉིས་ཀྱི་ཆིངས་ཡིག་5ཆོག་མཆན་འགོད་རྒྱུ་ཐག་གིས་བཅད། བསྐོ་འཐེན་གྲོས་གཞི་38ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་མི་ཐེངས་282བསྐོ་འཐེན་བྱས་ཏེ། ལས་དོན་ཁག་ལ་འཕེལ་སྐྱེད་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།
     གཅིག རྩ་ཁྲིམས་དེ་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་ཕྱོགས་གང་ཅིའི་ཐད་ཁྱོན་ཡོངས་ནས་ལག་བསྟར་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད།
     རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ཞིང་། ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མངོན་པ་ཞིག་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐོག་མར་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བར་ཐོག་མར་རྩ་ཁྲིམས་ལ་བརྟེན་ནས་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས།
     ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་འདིར། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག  རྩ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཆོད་དོན་བཟོས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་གནང་སྟེ། ཀྲུང་གོ་གསར་པ་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་མཛད་རྗེས་རྨད་བྱུང་བཞག་ཡོད་པའི་ཕུལ་བྱུང་མི་སྣ་36དང་ཀྲུང་ཕྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཁྱད་དུ་འཕགས་པ་བཞག་ཡོད་པའི་རྒྱལ་སྤྱིའི་གྲོགས་པོ་6ལ་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་བསྩལ་ཡོད། འདི་ནི་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ལག་ལེན་བསྟར་ཚུན་གཅིག་བསྡུས་ཀྱིས་རྒྱལ་ཁབ་ཀྱི་གཟེངས་རྟགས་བསྩལ་གནང་བ་ཐོག་མ་དེ་ཡིན། ཁྲིམས་ཆད་འཁུར་བའི་ཉེས་ཅན་ཁག་ཅིག་ལ་དམིགས་བསལ་བཙོན་གྲོལ་གཏོང་བའི་སྐོར་གྱི་ཆོད་དོན་བཟོས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་བཙོན་གྲོལ་གཏོང་བའི་བཀའ་རྒྱ་ལ་མིང་རྟགས་བཀོད་གནང་ཡོད། ཁྲིམས་བཀོད་གོ་རིམ་ནན་པོ་བརྒྱུད། ཁྲིམས་ཆད་འཁུར་བའི་ཉེས་ཅན་རིགས་དགུ་ཁྱོན་བསྡོམས་མི་23593དམིགས་བསལ་བཙོན་གྲོལ་བཏང་ཡོད།  འདི་ནི་རྩ་ཁྲིམས་ནང་གསལ་དམིགས་བསལ་བཙོན་གྲོལ་ལམ་ལུགས་ཡང་བསྐྱར་ལག་ལེན་གལ་ཆེན་ཐེངས་ཤིག་བྱས་པ་ཡིན།
     ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གནང་སྟེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པའི་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་གནང་བ་དང་།   རྩ་ཁྲིམས་དང་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས།  《ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་བཟོ་བའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆོད་དོན་(མ་ཟིན་)》ཞིབ་འཇུག་བྱས་ནས་བཟོས་པ་མ་ཟད་གྲོས་ཞིབ་བྱས་ཤིང་། ད་ཐེངས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་ཐག་གཅོད་བྱས།  འདི་ནི་གནས་བབ་གསར་པའི་འོག་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་”ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་བཟོ་བ་དང་། ཁྲིམས་ལྟར་ཞང་ཀང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྤུན་ཟླ་ཞང་ཀང་བ་ནང་དུ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། འཐུས་མི་རྣམས་ཀྱིས་ཐུན་མོང་ཐོག་འབད་པ་བྱས་པ་བརྒྱུད། ཁྲིམས་འཛུགས་ཀྱི་ལས་འགན་གཙོ་གནད་འདི་བདེ་བླག་ངང་ལེགས་འགྲུབ་བྱུང་ཐུབ་ངེས་ཡིན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་ཆེད་དང་ཞང་ཀང་དུས་ཡུན་རིང་པོར་དར་རྒྱས་བརྟན་བརླིང་ཡོང་བ་འགན་ལེན་ཏན་ཏིག་བྱེད་པར་སྔར་བས་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཡོད།
     ཁྲིམས་ལྟར་རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་དང་གྲབས་ཐོར་བཀོད་པ་ཞིབ་བཤེར་བྱས་ཡོད། རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ལག་ལེན་བསམ་འཆར་བཟོས་ཤིང་། རྩ་ཁྲིམས་དང་འབྲེལ་བའི་གནད་དོན་གྱི་ཐུགས་ཁུར་ལ་འོས་འཚམ་སྒོས་ཨ་ལན་བསློགས་ཡོད་པ་དང་། རྩ་ཁྲིམས་དང་འགལ་བ་དང་བཅའ་ཁྲིམས་དང་འགལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲིམས་ལྟར་ཡོ་བསྲང་བྱས་ཏེ་རྩ་ཁྲིམས་བརྩི་སྲུང་དང་ལག་བསྟར་ཏན་ཏིག་ཡོང་བ་ཁག་ཐེག་བྱས་ཡོད། ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བཤད་གྲབས་ཐོར་བཀོད་ནས་ཞིབ་བཤེར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་།    རྒྱལ་ཡོངས་ལ་ཁེབས་པའི་གྲབས་ཐོར་བཀོད་པ་ཞིབ་བཤེར་བྱེད་པའི་གཅིག་གྱུར་གྱི་ཆ་འཕྲིན་ལས་སྟེགས་བཙུགས་ཚར་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་གྲངས་མཛོད་རགས་ཙམ་བཙུགས་ཡོད། ལོ་3ལ་བསྟུད་མར་གྲབས་ཐོར་བཀོད་པ་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད་པ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་ཀྱང་བྱས་ཡོད། 2019ལོར་སྲིད་འཛིན་ཁྲིམས་སྲོལ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ།  ཁྲིམས་འཛིན་འགྲེལ་བཤད་བཅས་1995གྲབས་ཐོར་འགོད་རྒྱུར་སྤྲད་པ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་ས་གནས་རང་གི་བཅའ་ཁྲིམས་33གྲབས་ཐོར་འགོད་རྒྱུར་སྤྲད་པ།  སྤྱི་དམངས་དང་རྩ་འཛུགས་ཀྱིས་བཏོན་པའི་ཞིབ་བཤེར་གྲོས་འགོ་138ཞིབ་འཇུག་དང་ཐག་གཅོད་བྱས་ཡོད། ཞིབ་བཤེར་བྱས་པ་བརྒྱུད། གཏན་འབེབས་བྱེད་མཁན་ལས་ཁུངས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་དང་དགོངས་དོན་དང་འགལ་ཟླར་གྱུར་ཞིང་། མི་མཐུན་པ་དང་མི་འཚམ་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་506ཡོ་བསྲང་བྱེད་བཅུག་སྟེ་རྒྱལ་ཁབ་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་སྲུང་སྐྱོང་བྱས་ཡོད།
     རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་ཡོད། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ཐེངས་6སྒྲིག་འཛུགས་བྱས་པ་དང་། བསྐོ་གཞག་བྱ་རྒྱུའི་མི་18ཀྱིས་དམ་བཅའ་བཞག་པ་དང་། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མིས་གཙོ་སྐྱོང་བྱས་པ་མ་ཟད་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་པས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད། “རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་”བརྗོད་དོན་གཙོ་བོར་བཟུང་སྟེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་བཞུགས་མོལ་ཚོགས་འདུ་དྲུག་པ་འཚོགས་ཤིང་། རིམ་པ་ཁག་དང་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྩ་ཁྲིམས་དྲིལ་སྒྲོག་བྱེད་སྒོ་སྤེལ་བར་སྐུལ་ཁྲིད་བྱས་ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་ངོ་20འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་དྲིལ་སྒྲོག་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་བཏང་ཡོད།
【1】  【2】  【3】  【4】