——2020ལོའི་ཟླ་5ཚེས་25ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཀྲོའུ་ཆང་།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 06ཚེས་16ཉིན། 10:05】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འཐུས་མི་རྣམ་པ།
ངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་བསམ་འཆར་འདོན་རོགས་ཞུ་རྒྱུ་ཡིན།
ཏོག་གསར་གློ་ཚད་རིམས་ནད་བྱུང་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་བརྒྱ་སེམས་གཅིག་དང་ཞུམ་མེད་འབད་བརྩོན་བྱས་ཡོད་ལ། དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་བརྒྱུད་དེ་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་འཐབ་འབྲས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཐོག་གི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བར་འགྲུབ་འབྲས་བཟང་པོ་ཐོབ་ཡོད། གྲུབ་འབྲས་གལ་ཆེན་འདི་དག་གི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་ཡོད་ལ། འདི་ལས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མཚོན་པ་དང་། འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་གསལ་པོར་བསྟན་ཡོད།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་འགོ་ཁྲིད་འོག ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྒེར་ཚུགས་སམ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་སྐྱོན་གཏོང་བའི་བྱས་ཉེས་བསགས་རིགས་དང་རྒྱལ་མཚམས་ཀྱི་འཕྲོད་བསྟེན་དང་རིམས་ནད་བརྟག་བཤེར་ལ་གནོད་སྐྱོན་གཏོང་བའི་བྱས་ཉེས་བསགས་རིགས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་ཐབས་དང་། ལས་ཐོན་བསྐྱར་ཚུགས་ལ་ཁྲིམས་ལྟར་འགན་སྲུང་བྱེད་ཐབས་སོགས་ཀྱི་བསམ་འཆར་གཏན་འབེབས་བྱེད་པ་དང་། ཞབས་ཞུའི་“བརྟན་པོ་དྲུག་”དང་“འགན་སྲུང་དྲུག་”གི་ཁྲིམས་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། རིམས་ནད་དང་ལས་ཐོན་བསྐྱར་ཚུགས་ལ་འབྲེལ་བ་ཡོད་པའི་ཉེས་བསགས་ལ་ཉེས་ཆད་བཅད་པའི་དཔེ་མཚོན་གྱོད་དཔེ་57ཁྱབ་བསྒྲགས་བཅས་བྱས་ཏེ། རིམས་འགོག་ལ་འདེགས་སྐྱོར་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཡོད། ཁྲིམས་ཁང་རིམ་པ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བརྟན་བརླིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་བསྒྲུབས་པ་དང་། རིམས་ནད་དང་འབྲེལ་བ་ཡོད་པའི་གྱོད་གཞི་ངོ་གྲངས་2736ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་། རིམས་ནད་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་སེལ་ཐབས་སྐུལ་སྤེལ་བཏང་ཡོད་ལ། སྨན་བཅོས་ལས་དོན་མི་སྣའི་མི་ལུས་བདེ་འཇགས་ལ་གནོད་འཚེ་བཏང་བ་དང་མི་གཞིའི་ལ་རྒྱ་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་མཁན་ལ་ཆད་པ་ནན་པོ་བཅད་དེ། རིམས་འགོག་ཁྲོད་འགན་ལྗིད་མོ་རང་ཕྲག་ཏུ་བླངས་ནས་མདུན་དུ་སྐྱོད་པའི་“ཆེས་མཛེས་པའི་ལྡོག་སྐྱོད་པ་”ལ་སྲུང་སྐྱོང་བྱས་ཡོད། བཅའ་ཁྲིམས་གཟབ་ནན་དང་། སེམས་བཟང་། ཤེས་དཔལ་ངང་འཛིན་པ་རྒྱུན་འཁྱོངས་ཀྱིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་ཡོད། རྒྱང་ཁྲིད་གྱོད་གཞི་ཐོ་འགོད་དང་། དྲ་ཐོག་འདྲི་གཅོད། བློ་གྲོས་ལག་བསྟར་བཅས་ཀྱི་བྱེད་ཐབས་སྤྱད་ནས་དུས་ཐོག་ཏུ་དབྱེ་འབྱེད་དང་རྩོད་མཚམས་འཇོག་བཅུག་ཡོད། རིག་ལྡན་ཁྲིམས་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་“འཇོན་ཐང་གང་ཡོད་བཏོན་”པས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་དྲ་ཐོག་ནས་གྱོད་གཞི་ངོ་གྲངས་ཁྲི་136ཐོ་འགོད་དང་ཁྲིམས་ར་ཐེངས་ཁྲི་25འཚོགས་ལ། འདུམ་འགྲིག་ཐེངས་ཁྲི་59བྱས་པ་དང་། གློག་རྡུལ་སྐྱེལ་སྤྲོད་ཐེངས་ཁྲི་446བྱས་པ། དྲ་ཐོག་ནས་གྱོད་གཞི་ངོ་གྲངས་ཁྲི་266ཞིབ་བཤེར་ཚོད་འཛིན་བྱས་ལ། ཁྲིམས་འཛིན་གྱི་དྲ་ཐོག་ཧབ་ཚོང་གི་ཚོང་འགྲིག་མ་དངུལ་སྒོར་དུང་ཕྱུར་639ཡིན་པ་དང་། ལག་བསྟར་ཐུབ་པའི་དངུལ་གྲངས་སྒོར་དུང་ཕྱུར་2045ཟིན་ཡོད། རྒྱ་ཆེའི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་དང་ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཏང་ཀྲུང་དབྱང་གི་བཀའ་བརྡ་བློ་ཐག་རྦད་ཆོད་ཀྱིས་དང་ལེན་ཞུས་ཤིང་། ཧུར་བརྩོན་གྱིས་ས་གནས་ཁག་གི་རིམས་འགོག་གི་གཡུལ་ས་མདུན་མར་ཞུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་བྱས་ཏེ། ཏང་ལ་བློ་དཀར་བ་དང་། རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་ཀྱི་ཆབ་སྲིད་ཀྱི་རང་བཞིན་མངོན་པར་བྱས་ཡོད།