འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།མཚོ་བོད་ས་མཐོའི་མི་རིགས་ཁག་གི་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་ལོ་ཟླ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་རེད། ཉེ་བའི་ལོ་ཤས་རིང་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་རིག་གཞུང་ཞིབ་འཇུག་མང་པོར། གཡུལ་ས་མདུན་མ་དང་བར་ཐག་རིང་པོ་ཡོད་ཀྱང་། མཚོ་བོད་ས་མཐོའི་མི་དམངས་ཀྱིས་རི་འགོག་དམག་འཁྲུག་ལ་ཧུར་ཐག་ཞུགས་མ་ཟད། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཕྱིར་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་བ་མངོན་ཡོད།
         མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ཚུའེ་ཡུང་ཧུང་གིས་གསར་འགོད་པར་བརྗོད་དོན། 1933ལོའི་ལོ་སྟོད་དུ་རི་ཇག་གིས་ཧྲན་ཧའེ་འགག་སྒོར་རྩོད་གཞི་བསླངས་ནས་ལྕགས་རི་རིང་པོའི་རི་འགོག་དམག་འཁྲུག་འགོ་ཚུགས་པ་རེད། ཟླ་གསུམ་པའི་ཟླ་སྟོད་དུ་ཧོ་པེ་དང་ར་ཧོ་འབྲེལ་མཚམས་ཀྱི་ཤིས་ཕུང་ཁེའུ་རུ་གོ་མིན་གསར་བརྗེ་དམག་གི་དམག་སྡེ་ཉེར་དགུ་པའི་རལ་གྲི་རུ་ཁག་གིས་རི་དམག་ལ་འཇབ་རྒོལ་ཐེངས་མང་བྱས་ནས་དེའི་སྟོབས་ཤུགས་ཚར་གཅོད་བཏང་བ་རེད། རལ་གྲི་རུ་ཁག་གི་དམག་དཔོན་གཙོ་བོའི་ཁྲོད་ད་ཆའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་རི་འགོག་དམག་དཔོན་གྲགས་ཅན་གཉིས་གཉིས་གཉིས་ཐོན་གྱི་ཐོན་ཀྲང་ཙེང་གོ་ཙུའོ་ཡོད་པ་རེད།
         “ཤིས་ཕུང་ཁོའུ་ཡི་གཡུལ་འགྱེད་ནང་ཙེང་གོ་ཙུའོ་ཡིས་རལ་གྲི་རུ་ཁག་གི་སྣེ་ཁྲིད་དེ་རི་ཇག་ལ་མཚན་མོ་འཇབ་རྒོལ་ཐེངས་མང་བྱས་ཡོད། ཕྱིས་སུ་སླར་ཡང་དགྲ་དམག་གི་གནམ་གྲུ་ནས་འབར་མདེལ་དབྱུགས་པར་མ་བལྟོས་པ་གཡུལ་ས་ཉིན་10ལྷག་ཙམ་བརྟན་སྲུང་བྱས་ཡོད”ཅེས་ཚུའེ་ཡུང་ཧུང་གིས་བརྗོད་བྱུང་།
         1937ལོའི“བདུན་པའི་ཚེས་བདུན་གྱི་དུས་འགྱུར”གློ་བུར་དུ་ལངས་པ་དང་། ཙེང་གོ་ཙུའོ་ཡི་དཔུང་སྡེས་དབན་ཕིང་བརྟན་སྲུང་བྱས་ཏེ་ཕྱོགས་ཡོངས་ནས་རི་འགོག་དམག་འཁྲུག་ལངས་རྗེས་རི་ཇག་ལ་ཕར་རྒོལ་བྱེད་མཁན་སྔ་ཤོས་ཀྱི་དྲག་ཆས་དཔུང་སྡེའི་གྲས་ཤིག་ཏུ་གྱུར་ཡོད། ཙེང་གོ་ཙུའོ་ཡིས་དམག་མི་དཀྱུས་མའི་སྔོན་དུ་དམག་འཐབ་བྱེད་པ་དང་དཔུང་སྡེའི་སྣེ་ཁྲིད་དེ་རི་ཇག་འཕྲུལ་ཆས་ཅན་གྱི་དཔུང་སྡེ་དང་དམག་འཐབ་བྱས་པས། རི་ཇག་གི་དཔུང་འཇུག་ལ་སྐབས་ཤིག་རིང་འགོག་རྐྱེན་ཕྲད་པ་རེད།
         དེ་རྗེས་ཀྱི་ལོ་འགའི་ནང་ཙེང་གོ་ཙུའོ་ཡིས་ཧོ་པེ་དང་། ཧོ་ནན། ཧྲའན་ཤིས། ཉིང་ཞ་སོགས་སུ་དཔུང་སྡེའི་སྣེ་ཁྲིད་ནས་1945ལོའི་ལོ་སྟོད་དུ་ཉིང་ཞ་རུ་སྐུ་མ་གཤེགས་བར་མུ་མཐུད་རི་དམག་ལ་འགོག་རྒོལ་བྱས་ཡོད་པ་རེད།
         དོན་དངོས་ཐོག་གཡུལ་ས་མདུན་མ་དང་བར་ཐག་རིང་པོ་ཡོད་རུང་། རི་འགོག་དམག་འཁྲུག་ཧྲིལ་པོའི་ནང་མཚོ་བོད་ས་མཐོ་ནས་རི་འགོག་གི་གཡུལ་ས་མདུན་མར་སྐྱོད་མཁན་ན་གཞོན་ཁྲི་ཙམ་ཡོད་པའི་ནང་རྒྱ་རིགས་དང་། ཧུའེ་རིགས། ཧོར་རིགས། ས་ལར་རིགས་། སོག་རིགས་སོགས་ཚུད་ཡོད།
         “1937ལོའི་སྟོན་དུས་སུ་མཚོ་སྔོན་གྱིས་མི་གྲངས་8000ལྷག་ཙམ་ལས་གྲུབ་པའི་རྟ་དམག་དཔུང་སྡེ་ཞིག་མངགས་པར‘རྟ་དམག་ཧྲི་བརྒྱད་པ’ཞེས་བརྗོད་དེ་ཧྲའན་ཤིས་དང་ཨན་ཧུའེ་སོགས་སུ་རི་ཇག་ལ་འགོག་རྒོལ་བྱས་ཡོད”ཅེས་ཚུའེ་ཡུང་ཧུང་གིས་བརྗོད་ཅིང་། ཁོང་གིས་1939ལོའི་ཟླ་བརྒྱད་པར་ཧོ་ནན་ཧོའེ་དབྱང་ཧམ་བཟུང་བྱེད་མཁན་རི་དམག་གིས་ལྷོ་ངོས་སུ་ཚུར་རྒོལ་བྱས་པ་དང་། རི་དམག་གི་འཕྲུལ་ཆས་ཅན་གྱི་དཔུང་སྡེའི་མདུན་དུ“རྟ་དམག་ཧྲི་བརྒྱད་པས”ཧོའེ་དབྱང་གྲོང་དུ་དམག་འཐབ་བྱས་ནས་རི་པིན་དམག་མི་2000ཙམ་རྩ་མེད་བཏང་བ་རེད།
         “ལོ་བརྒྱད་ཀྱི་རི་འགོག་དམག་འཁྲུག་ནང‘རྟ་དམག་ཧྲི་བརྒྱད་པ’ནས་དམག་མི་ཕྱེད་ཀ་ཙམ་གཡུལ་སར་རང་སྲོག་ཤོར་ཡོད། ཁོང་ཚོ་ཕལ་ཆེ་བ་རི་འགོག་གི་གཡུལ་ས་མདུན་མར་སྦས་ནས་ད་བར་གནས་ཡོད། དཔོན་དམག་མང་པོའི་དུར་ས་ཕ་ཡུལ་དུ་སྤོས་མེད”ཅེས་ཚུའེ་ཡུང་ཧུང་གིས་བརྗོད་བྱུང་།
         རི་འགོག་དམག་འཁྲུག་རིང་མཚོ་བོད་ས་མཐོ་ནས་སླེབས་པའི་དཔྱོད་ལྡན་དག་གིས་ད་དུང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་འབོད་སྐུལ་བྱས་ནས་ཐུན་མོང་ཐོག་དགྲ་བོར་འགོག་རྒོལ་བྱས་པ་རེད། 1931ལོར་སྐབས་དེ་དུས་ནན་ཅིང་དུ་ཡོད་པའི་བོད་དང་ཁམས་ནུབ་མི་སྣས“ཅིན་སྡོད་ཁམས་བོད་ཕ་ཡུལ་གཅིག་པའི་རི་འགོག་རྒྱལ་སྐྱོབ་ཚོགས་པ”བཙུགས་ཏེ“རང་རྒྱལ་གྱི་སྤུན་ཟླ་ཡོངས་དང་འཐབ་ས་གཅིག་གི་ཐོག་ལངས་ཏེ་སྲོག་ཉེན་ལ་མ་འཛེམས་པ་དང་ཕངས་སེམས་གཏན་ནས་མི་བྱེད་རྒྱུའི”རེ་འབོད་བྱས་པ་རེད།
         1938ལོར་བོད་དང་ཁམས་ནུབ་ཀྱི་འཐུས་མིས་《ཁམས་བོད་དམངས་བྱིངས་ཀྱི་འཐུས་མིས་འཐབ་ས་མདུན་མའི་དམག་དཔོན་ལ་འཚམས་འདྲི་ཞུ་བའི་ཡི་གེའི་》ནང“ཀྲུང་གོ་ནི་གཏན་འཇགས་ཀྱི་ཞིང་ཆེན་ཉེར་བརྒྱད་དང་། ནང་སོག བོད་བཅས་ལས་རྒྱལ་ཁབ་ཀྱི་མངའ་ཁོངས་གྲུབ་པ་དང་ཀྲུང་ཧྭ་མི་རིགས་ནི་རྒྱ་རིགས་དང། མན་ཇུ། སོག་པོ། ཧུའེ་རིགས། བོད་རིགས། དེ་བཞིན་མི་རིགས་གཞན་བཅས་ལས་གྲུབ་པའི་རྒྱལ་ཁབ་ཧྲིལ་པོ་ཆེན་པོ་ཞིག་རེད། རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་གང་བྱུང་དུ་བཙན་འཛུལ་བྱེད་པའི་དམིགས་ཡུལ་ནི་རང་རེའི་རྒྱལ་ཁབ་ཧྲིལ་པོ་སྟོངས་སུ་བཅུག་པ་དང་། མི་རིགས་ཧྲིལ་པོ་བྲན་དུ་བཀོལ་ཆེད་ཡིན་པས། རང་རེའི་ཡུལ་གྲུ་དང་མི་དམངས་ཚང་མས་འགོག་རྒོལ་བྱེད་དགོས”ཞེས་འཁོད་ཡོད།
         ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤེས་རབ་ཉི་མས་མཚོ་བོད་ས་མཐོར་དངོས་ཟོག་དཀོན་པོ་ཡོད་རུང་། རི་འགོག་དམག་འཁྲུག་རིང་དེ་གར་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་མི་དམངས་ཚོས་རི་འགོག་གི་འཐབ་ས་མདུན་མར་སྔར་བཞིན་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། 1944ལོའི་ཟླ་10པར་ཞལ་འདེབས་རྒྱག་རིང་། བོད་ཀྱི་གྲྭ་བཙུན་དང་མང་ཚོགས་ཚོས་རི་འགོག་ལ་ཞལ་འདེབས་བརྒྱབ་པའི་རྒྱུ་དངོས་རིན་ཐང་རྒྱལ་དངུལ་ཁྲི་500ཟིན་ཡོད་ཅེས་བརྗོད་བྱུང་།
         རི་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་གློ་བུར་དུ་ལངས་རྗེས། བོད་ཀྱི་རྒྱལ་གཅེས་མི་སྣས་ཇུས་འགོད་བྱས་པ་དང་ཆབས་ཅིག རྒྱ་གར་ནས་བོད་བརྒྱུད་དེ་སི་ཁྲོན་དང་ཡུན་ནན་དུ་སྐྱོད་པའི་རྒྱལ་སྤྱིའི་སྐམ་ལམ་གྱི་འགྲིམ་འགྲུལ་ལམ་བུ་བཏོད་ཡོད། ལོ་བརྒྱད་རིང་བོད་ཀྱི་མི་སེར་ཚོས་རི་འགོག་དམག་འཁྲུག་ལ་ཧུར་ཐག་ཞུགས་ནས་མི་དང་དྲེལ་ལ་བརྟེན་ནས་རིན་ཐང་ཨ་སྒོར་དུང་ཕྱུར་1.5རི་བའི་རི་འགོག་དམག་འཁྲུག་གི་དངོས་པོ་སྐྱེལ་འདྲེན་བྱས་ཡོད།
         རིགས་གཅིག་མཁས་ཅན་གྱིས་རི་འགོག་དམག་འཁྲུག་རིང་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མི་དམངས་ཚོའི་རྒྱལ་གཅེས་སྤྲོ་སེམས་སྔར་ན་མེད་པ་འཕེལ་བ་དང་། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། རི་འགོག་དམག་འཁྲུག་བརྒྱུད་མི་ཚོས་མེས་རྒྱལ་གྱི་མདུན་ལམ་དང་རང་ངོས་ཀྱི་ལས་དབང་འབྲེལ་བ་དམ་ཟབ་ཡོད་པ་སྔར་བས་ངོས་འཛིན་གསལ་པོ་བྱུང་ཡོད་ཅེས་བརྗོད་བྱུང་། ༼ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། པང་ཧྲུའུ་ཝུའེ་དང་ཀྲང་ཆིང་ཕིང་གིས། ༽
      

    ཕྱོགས་བསྡུས་གསར་འགྱུར།