འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་21ཉིན།

༄༅།།ཁ་བ་ཆེན་པོ་འབབ་རྒྱུའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་21ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་11ཚེས་21ཉིན་གྱི་ཆུ་ཚོད་06པའི་ཐོག ཁ་བ་ཆེན་པོ་འབབ་རྒྱུའི་ཉེན་བརྡ་སེར་པོ་བཏང་ཞིང་། སྔོན་དཔག་བྱས་ན། ཟླ་11ཚེས་21ཉིན་གྱི་ཆུ་ཚོད་8པ་ནས་ཟླ་11ཚེས་23ཉིན་གྱི་ཆུ་ཚོད་8པའི་བར། ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད། ཅི་ལིན་གྱི་ཁྲང་པའེ་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཁ་བ་འབབ་ཚད་ཧའོ་སྨི་8ནས་20བར་ཟིན་རྒྱུ་དང་། ས་ཁུལ་ཁག་གཅིག་ཏུ་ཧའོ་སྨི་20ནས་30བར་ཟིན་རྒྱུ། ཁ་བའི་མཐུག་ཚད་ལི་སྨི་6ནས་15བར་དང་། ས་ཁུལ་ཁག་གཅིག་ཏུ་ལི་སྨི་20ཡས་མས་ཟིན་རྒྱུ་རེད། ཁ་བ་འབབ་པའི་དུས་མཚམས་གཙོ་བོ་ནི་ཚེས་21ཉིན་གྱི་མཚན་མོ་ནས་ཚེས་22ཉིན་བར་རེད། 
     འགོག་སྲུང་ཕྱོགས་སྟོན། 
     གཅིག སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། གངས་སྐྱོན་འགོག་པ་དང་འཁྱགས་འགོག་གནོད་སེལ་གྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ་དང་། 
     གཉིས། འགྲིམ་འགྲུལ་དང་། ལྕགས་ལམ། གློག་ཤུགས། འཕྲིན་གཏོང་སོགས་སྡེ་ཁག་གིས་གཞུང་ལམ་དང་། ལྕགས་ལམ། ལམ་ཐིག་བཅས་ལ་སྐོར་ཞིབ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གཞུང་ལམ་གཙང་ཕྱགས་དང་གངས་ཞུ་བའི་ལས་ཀ་ཡག་པོར་སྒྲུབ་དགོས་པ།  
     གསུམ། ལམ་འགྲུལ་པས་གྲང་འགོག་འདྲེད་འགོག་ལ་དོ་སྣང་བྱེད་དགོས་པ་དང་། ཁ་ལོ་བས་གཟབ་གཟབ་ངང་རླངས་འཁོར་བཏང་ནས། རླངས་འཁོར་ལམ་འདྲེད་མི་ཤོར་བའི་བྱ་ཐབས་སྤྱོད་དགོས་པ། 
     བཞི། ཞིང་འབྲོག་ཁུལ་དང་འདེབས་འཛུགས་གསོ་ཚགས་ལས་རིགས་ཀྱིས་གཟན་ཆག་འདང་ངེས་གྲ་སྒྲིག་བྱས་ཏེ། གངས་སྐྱོན་དང་འཁྱགས་འགོག་གནོད་འགོག་གི་གྲ་སྒྲིག་ཡག་པོར་བྱེད་དགོས་པ།
     ལྔ། སྤྱིལ་སྒྲོམ་སོགས་གངས་ཀྱིས་མནན་སླ་བའི་གནས་སྐབས་ཀྱི་འཛུགས་སྐྲུན་དངོས་པོ་བརྟན་དུ་གཏོང་དགོས་པ་བཅས་རེད།