འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་15ཉིན།

༄༅།།བདེ་སྐྱིད་གཙང་འགྲམ་གྱི་རྣམ་པ་གསར་པར་གྱུར་པ།

—— ཀན་སུའུ་ཡིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་15ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མཚོ་བོད་ས་མཐོ་ནས་ས་སེར་ས་མཐོའི་བར་དུ་རྨ་ཆུ་ཀན་སུའུ་ནས་ཡར་རྒྱུ་ཐེངས་གཉིས་དང་མར་རྒྱུ་ཐེངས་གཉིས་བརྒྱུད་ཀྱག་ཀྱོག་ངང་རྒྱུག་བཞིན་ཡོད། རྨ་ཆུ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་ཁུལ་དང་ཆུ་གསབ་ཁུལ་གལ་ཆེན་ཡིན་པའི་ངོས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་དང་སྨད་རྒྱུད་ལ་འཐུང་ཆུ་གཙང་མ་མཁོ་སྤྲོད་བྱེད་པ་ནི་ཀན་སུའུ་ཡིས་མ་ཡུམ་གཙང་པོར་འཁུར་བའི་འགན་འཁྲི་ཞིག་ཡིན།
    ཁུར་པོ་ཡང་དུ་བཏང་བ།
   རྨ་ཆུའི་ཆུ་གཞུང་ཀན་སུའུ་ཡི་གྲོང་ཁྱེར་དང་ཀྲོའུ་4བརྒྱུད་པའི་ཁྲོད་ལན་ཀྲོའུ་དང་པའེ་དབྱིན་ནི་བཟོ་ལས་གྲོང་ཁྱེར་རྙིང་པ་ཡིན། ས་གནས་ཁག་གིས་སྦགས་བཙོག་བཅོས་སྒྲིག་ནས་འགོ་བརྩམས་ཏེ་མ་ཡུམ་གཙང་པོའི“ཁུར་པོ་ཡང་དུ་གཏོང་བཞིན་ཡོད”
     བཙོག་འབུད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལན་ཀྲོའུ་གྲོང་ཁུལ་གཙོ་བོའི་སྟོད་རྒྱུད་དུ་གནས་པའི་ལན་ཀྲོའུ་རྡོ་སྣུམ་རྫས་འགྱུར་ཀུང་སིས་བཙོག་ཆུ་གློད་ས་དང་རླངས་རོ་འབུད་ས་གཙོ་བོར་དྲ་ཐོག་གི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བསྒར་བ་མ་ཟད། སྦགས་བཙོག་འབུད་ས་སོ་སོར“ཆུ་འགོའི་ཆུ་དཔོན”ཡང་བཀོད་སྒྲིག་བྱས་ཤིང་། འབྲེལ་ཡོད་ཀྱི་གྲངས་གཞི་དང་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་དྲ་སྦྲེལ་ཐུབ་ནས་ཆུ་ཚོད་24ཡི་རིང་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་བྱེད་ཐུབ་ཡོད།
   “གལ་སྲིད་ཆུའི་གར་ཚད་ཉེན་བརྡ་གཏོང་བའི་ཚད་གཞི་ལས་བརྒལ་ཚེ། ང་ཚོར་ཆ་འཕྲིན་འབྱོར་ནས་དམིགས་བསལ་གྱི་གནས་ཚུལ་འཕྲལ་མར་ཐག་གཅོད་བྱེད་ཐུབ”ཅེས་ཆུ་ཐོག་སྤྱི་གླིང་གི་སྦགས་བཙོག་འབུད་སའི“ཆུ་འགོའི་ཆུ་དཔོན”ཅིན་མིན་ཀྲུའུ་ཡིས་བཤད།
    པའེ་དབྱིན་གྲོང་ཁྱེར་ནི་གཏེར་ཁའི་དབང་གིས་ཁེ་ལས་བཙུགས་པ་དང་། ཁེ་ལས་དབང་གིས་གྲོང་ཁྱེར་དུ་བསྒྱུར།
   རིང་ཚད་ལ་སྤྱི་ལེ་38ཟིན་པའི་གྲོག་རོང་ཤར་མ་ནི་རྨ་ཆུ་དང་ཐད་ཀར་འབྲེལ་བའི་བཙོག་ཆུ་གློད་སའི་གྲོག་རོང་ཞིག་ཡིན། ལོ་མང་པོའི་སྔོན་ཆུ་བོའི་ངོགས་གཉིས་ཀྱི་ཁེ་ལས་ཀྱིས་བཟོ་ལས་ཀྱི་བཙོག་ཆུ་ཐད་ཀར་གློད་པའི་དབང་གིས་གྲོག་རོང་ཤར་མ་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་ལྕི་བའི་ལྕགས་རིགས་སྦགས་བཙོག་གི་འབྱུང་ཁུངས་ཆེ་ཤོས་ཤིག་ཏུ་གྱུར།
    2012ལོ་ནས་བཟུང་། པའེ་དབྱིན་གྲོང་ཁྱེར་གྱིས་གྲོག་རོང་ཤར་མའི་ལྕི་བའི་ལྕགས་རིགས་སྦགས་བཙོག་བཅོས་སྒྲིག་གི་ལས་གྲྭ་འགོ་བཙུགས་ཤིང་། ལྕི་བའི་ལྕགས་རིགས་སྦགས་བཙོག་ཚབས་ཆེ་བའི་མཐིལ་འདམ་དང་བཟོ་ལས་ཀྱི་སྙིགས་རོ་སྨི་རྒྱ་དཔངས་ངོས་གྲུ་ཁྲི་82.7ཐག་གཅོད་བྱས་པ་དང་། སྦགས་བཙོག་ཅུང་ཡང་བའི་མཐིལ་འདམ་སྨི་རྒྱ་དཔངས་ངོས་གྲུ་ཁྲི་45.7མཁྲེགས་འགྱུར་དང་བརྟན་གཏོང་རང་བཞིན་གྱི་ཐག་གཅོད་བྱས་པ་མ་ཟད། ཆུ་ལམ་གྱི་གད་སྙིགས་གཙང་བཟོ་དབོར་འདྲེན་དང་། རྩི་ཤིང་བཏབ་ནས་སྐྱེ་ཁམས་སླར་གསོ་བྱས་པས་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་ཡོད།
    ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཡན་ཙི་ཅང་གིས། ཀན་སུའུ་ཡིས་རྒྱལ་ཡོངས་ཀྱི་སྔོན་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་སྦགས་བཙོག་གི་གནས་བབ་ལ་བརྟག་དཔྱད་བྱེད་འགོ་བརྩམས་ཏེ། ཆུ་ལམ་4ཡི་ཆུ་གཞུང་དང་ཆུ་ལག་གཙོ་བོ་36གི་བཙོག་ཆུ་གློད་སར་གྲལ་བཤེར་བྱས་ཤིང་། གྲལ་བཤེར་བྱས་པའི་ཆུ་ལམ་སྤྱི་ལེ་6000ཙམ་ཟིན་ཡོད། བཙོག་ཆུ་གློད་ས་བཅོས་སྒྲིག་གི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་འབྱུང་རྩ་ནས་བཙོག་ཆུ་གློད་པའི་བྱེད་སྤྱོད་ཚད་ལྡན་དུ་བཏང་ནས་སྦགས་བཙོག་གི་དངོས་པོ་འབུད་ཚད་བསྡོམས་འབོར་ལ་ཚོད་འཛིན་ནན་པོ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
    གྲངས་གཞི་ལས་མངོན་པར། རྨ་ཆུ་རྒྱུག་ཁུལ་གྱི་ཀན་སུའུ་ཁོངས་ཀྱི་རྒྱལ་ཁབ་དཔྱད་ཞིབ་བཅད་ངོས་41གི་ཆུ་སྤུས་ལེགས་པའི་བསྡུར་ཚད་92.68%ཟིན་པ་དང་། རྨ་ཆུའི་ཆུ་གཞུང་ས་མཚམས་ཕྱིར་རྒྱུག་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་ལོ་བདུན་བསྟུད་མར་རིགས་Ⅱཔར་སླེབས་ཡོད།
    ཆུ་རྩ་གསོས་པ།
    ཀན་སུའུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་གལ་ཆེན་ཞིག་ཡིན་པ་དང་། མ་ཡུམ་གཙང་པོར་ཆུ་གསབ་པར་ཆེས་འགག་རྩ་ནི་སྐྱོན་བྲལ་གྱི་སྐྱེ་ཁམས་མ་ལག་ལ་ཆུ་རྒྱུན་ཡོད་པར་བྱ་རྒྱུ་དེ་ཡིན།
    སྟོན་ཟླ་ར་བ་ཤར་བའི་སྐབས། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལ་རྩྭ་ཐང་རྒྱ་ཆེ་ཞིང་ཆུ་བོ་དྲ་བ་བཞིན་ཁྱབ་ཡོད། ཡར་སྔོན་ཕྱུགས་ཟོག་ཚད་ལས་འདས་པ་གསོས་པས་རྩྭ་ཐང་བྱེ་མར་གྱུར་པ་དང་། ལོ་བཅུ་ཕྲག་འགའ་ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་རིམ་བཞིན་སླར་གསོ་ཐུབ་ཡོད།
     མི་རབས་ནས་མི་རབས་བར་འབྲོག་ལས་ལ་གཞོལ་བའི་འབྲོག་པར་རྩྭ་ཐང་ལས་ཕན་པ་གཞན་ཞིག་ཐོབ་པ་རེད། “2019ལོ་ནས་བཟུང་། རང་ཁྱིམ་གྱི་རྩྭ་ར་མུའུ་2000མཛེས་ལྗོངས་ཁུལ་ལ་འགན་གཙང་དུ་སྤྲད་པས་བོགས་དངུལ་ཡོང་གི་ཡོད”ཅེས་དབལ་བན་ཚང་རྩྭ་ཐང་གི་འབྲོག་པ་ཀུན་དཔལ་གྱིས་བཤད།
    ཕྱུགས་བཀག་ནས“ཕྱུགས་གསོ་ཚད་ཉུང་དུ་བཏང་བ”དང་། ཤིང་འཛུགས་རྩྭ་གསོ་བྱས་ནས“རྩྭ་ཁ་འཕེལ་ཐབས་བྱས་པ”རེད།
    ཀན་ལྷོ་ཀྲོའུ་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོན་ཧུང་ལིན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་རྩིས་བྱས་ན་ཀན་ལྷོ་ཀྲོའུ་ཡིས་ནགས་བཟོ་མུའུ་ཁྲི་93.44བྱས་པ་དང་། ཚབས་འབྲིང་ཡན་གྱི་བྱེ་འགྱུར་རྩྭ་ར་མུའུ་ཁྲི་1792ལ་བཅོས་སྐྱོང་བྱས་པ་མ་ཟད། ནགས་ཚལ་གསོག་ཚད་2010ལོ་དང་བསྡུར་ན་སྨི་རྒྱ་དཔངས་ངོས་གྲུ་ཁྲི་2412འཕར་ནས་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་1.06ཟིན་ཡོད། རྩྭ་ཐང་ལ་ཕྱོགས་བསྡུས་རྩི་ཤིང་ཁེབས་ཚད“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་5.01མཐོ་རུ་སོང་ནས་97.01%ཟིན་ཡོད་ཅེས་ངོ་སྤྲོད་བྱས།
   “ཀན་ལྷོས་སྐྱེ་ཁམས་སླར་གསོའི་ལས་གྲྭ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། ཕྱུགས་བཀག་རྩྭ་གསོ། ས་ཆུ་སྲུང་འཛིན། རྒྱལ་ཁབ་ས་ཆ་སྔོ་འགྱུར་སོགས་ཀྱི་གཙོ་གནད་སྐྱེ་ཁམས་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་བས་ཆུ་རྩ་གསོ་བའི་ནུས་པ་དང་སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་རུ་ནུས་ལྡན་ཕྱིན་ཏེ། ལོ་བཅུའི་གོང་དང་བསྡུར་ཚེ། རྨ་ཆུའི་རྒྱུགས་འབོར་18.7%འཕར་ཡོད”ཅེས་ཀན་ལྷོ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲི་ཁྲེང་ཧྲུན་གྱིས་བཤད།
    ཕྱོགས་སྒྱུར་བྱས་པ།
    རང་རྒྱལ་གྱི་ཐོན་ཁུངས་ཟད་པའི་རྣམ་པའི་གྲོང་ཁྱེར་ཁག་དང་པོའི་གྲས་ཤིག་ཡིན་པའི་པའེ་དབྱིན་གྲོང་ཁྱེར་གྱིས་ཕྱོགས་སྒྱུར་ཁྲོད་འཕེལ་རྒྱས་གསར་པ་དོན་གཉེར་བྱེད་ཀྱི་ཡོད།
   ངོ་སྤྲོད་བྱས་པར་གཞིགས་ན། པའེ་དབྱིན་གྲོང་ཁྱེར་གྱིས་མདོག་ལྡན་དང་། རྫས་འགྱུར་བཟོ་ལས། ཨར་སྐྲུན་རྒྱུ་ཆ་སོགས་གཙོ་གནད་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱུ་ཆ་གསར་པ་དང་། སྐྱེ་དངོས་སྨན་དང་སྨན་བཅོས། སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་བཅས་གསར་དར་ཐོན་ལས་ཆེན་པོ་བཞི་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་2022ལོར་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་560ཟིན་ཡོད།
    རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་ལན་ཀྲོའུ་ལ་གསོན་ཤུགས་སྦྱིན་ཞིང་། ད་ལོའི་དབྱར་གསེང་རིང་ལན་ཀྲོའུ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་ནས་རྨ་ཆུའི་ངོགས་གཉིས་སུ་མི་ཚོགས་ཀྱིས་ཁེངས་པ་དང་། ཀྲུང་ཧྲན་ཟམ་པར་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་བའི་རྒྱུན་ཆད་མྱོང་མེད་ལ། གཙང་པོར་མགྱོགས་གྲུ་དང་། གྲུ་གཟིངས། ཀོ་གྲུ་སོགས་ཅི་དགར་གཏོང་བ་བཅས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་མངོན་བཞིན་ཡོད།
   གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ལན་ཀྲོའུ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་4890ལ་སྣེ་ལེན་ཞུས་པའི་ནང་ཟླ་བདུན་པར་ཡུལ་སྐོར་བ་མི་ཐེངས་ཁྲི་1268.1ལ་སྣེ་ལེན་ཞུས་པ་ན་ནིང་གི་དུས་མཚུངས་ལས་431.92%འཕར་བ་རེད།
    ཀན་སུའུ་ཡི་རྨ་ཆུ་རྒྱུག་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་14.59ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.3%ཟིན་ཡོད་པ་དང་། རྨ་ཆུ་རྒྱུག་ཁུལ་གྱི་མི་འབོར་དང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་བསྡུར་ཚད་ཀྱི་80%ཡས་མས་ཟིན་ཡོད། མ་ཡུམ་གཙང་པོ་འདི་ནི་ཀན་སུའུ་ཡི་བུ་ཕྲུག་ཚོའི་ཚེ་སྲོག་གི་འབྱུང་ཁུངས་དང་སྐྱེ་ཁམས་ཀྱི་རྨང་གཞི་ཡིན་ལ། ཐོན་སྐྱེད་ཀྱི་འགག་རྩའང་ཡིན། གཙང་པོའི་ངོགས་སུ་གནས་པའི་ཀན་སུའུ་ཡི་བུ་ཕྲུག་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་མ་ཡུམ་གཙང་པོར་སྲུང་སྐྱོང་བྱས་ཏེ་བདེ་སྐྱིད་ལྡན་པའི་གཙང་འགྲམ་དུ་རྣམ་པ་གསར་པ་ཞིག་གཏོད་བཞིན་མཆིས།