འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རི་ཕྱོགས་ལ་དོན་འདིར་ཐེ་ཇུས་བྱེད་མཚམས་འཇོག་དགོས་ཞེས་བཤད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་16ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་15ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་“རྒྱལ་ཚོགས་ཀྱི་སྲིད་འཛིན་སྡེ་ཚན་ཀྲུང་གོའི་ཨུ་ཡོན་ལྷན་ཁང་” (CECC)གིས་ཞང་ཀང་དང་འབྲེལ་བ་ཡོད་པའི་དཔང་ཉན་ཚོགས་འདུ་འཚོགས་པ་དང་འབྲེལ་སྙན་ཞུ་སྤེལ་བ་རེད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲི་བ་བཏོན།
     ཝང་ཝུན་པིན་གྱིས་བཤད་དོན། ཁྱེད་ཀྱིས་གླེང་བའི་སྒྲིག་གཞི་དེས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ནང་སྲིད་ཐད་སྐད་ཆ་འདྲ་མིན་བཤད་པ་དང་། རྐང་བཙུགས་ནས་དོན་དངོས་འཁྱོག་བཤད་བྱེད་པ། ཀྲུང་གོར་དམའ་འབེབས་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ཁ་དན་ཚིག་གནས་སྤུ་ཙམ་ཡང་མེད། ངས་ནན་བཤད་བྱེད་འདོད་པ་ཞིག་ནི། ཞང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་རང་ཡིན་པས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་ཐེ་ཇུས་བྱས་མི་ཆོག ཞང་ཀང་ནི་ཁྲིམས་སྐྱོང་གི་སྤྱི་ཚོགས་ཡིན་པས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་དཔོན་གྱིས་གཞི་རྩའི་བཅའ་ཁྲིམས་དང་། ཞང་ཀང་གི་རྒྱལ་བདེ་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་ལྟར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དོགས་གཞི་ཡོད་པའི་ཉེས་གསོག་གྱོད་དོན་ལ་འདྲི་གཅོད་ཀྱི་དབང་ཆ་སྤྱད་པར་རྙོག་བཤད་བྱས་མི་ཆོག ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛིན་ལས་ཁུངས་དང་། ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛིན་མི་སྣའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཀྱང་བྱ་རྒྱུ་ཡིན། ང་ཚོས་ཨ་རི་ཕྱོགས་ལ་བྱེད་ཐབས་གང་རུང་གི་ཐོག་ནས་ཞང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་རྒྱུ་དང་། ཞང་ཀང་གི་དར་རྒྱས་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཚམས་འཇོག་རྒྱུ། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་རྒྱུ་བཅས་ཀྱི་སྐུལ་ལྕག་གཏོང་རྒྱུ་ཡིན།