འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2022ལོར་བོད་དུ་རྩལ་ནུས་ཤེས་ལྡན་པ་7000ལྷག་ཙམ་མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་16ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། 2022ལོར་བོད་ཡོངས་སུ་རྩལ་ནུས་ཤེས་ལྡན་པ་7000ལྷག་ཙམ་མང་དུ་ཕྱིན་པ་དང་དེའི་ཁྲོད་མཐོ་རིམ་རྩལ་ནུས་ཤེས་ལྡན་པ་800ལྷག་ཙམ་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཤེས་ལྡན་པའི་ལས་དོན་ལ་མཐོང་ཆེན་པོ་གནང་ནས《དུས་རབས་གསར་པར་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཏོན་ཏེ་ཤེས་ལྡན་པ་སྟོབས་ཆེན་ཁུལ་གཏོད་རྒྱུའི་འཐབ་ཇུས་ལག་ལེན་བསྟར་ནས་ཤེས་ལྡན་པ་གསོ་སྐྱོང་གི་འདུ་འགོད་དང་། ཤེས་ལྡན་པ་ནང་འདྲེན་གྱི་འདུ་འགོད། ཤེས་ལྡན་པ་སྤྱོད་པའི་འདུ་འགོད། ཤེས་ལྡན་པ་ཉར་བའི་འདུ་འགོད་སོགས་ལ་བྱ་ཐབས་རབ་དང་རིམ་པ་བཟོས་ཡོད།
     བོད་ཀྱིས་ཤེས་ལྡན་པ་གསོ་སྐྱོང་གི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་དང་། ཁེ་ལས། ལས་རིགས་སློབ་གྲྭ་སོགས་གསོ་སྦྱོང་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་གསོ་སྐྱོང་གནད་སྨིན་དང་གོ་ཆོད་ནུས་པ་ཆེ་རུ་བཏང་ཞིང་། ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་དང་། སྦྱོང་བརྡར་ལས་སྤྲོད། རྩལ་ནུས་མཐོར་གཏོང་སྦྱོང་བརྡར་བྱས་ཏེ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་མང་དུ་བཏང་བ་དང་སྦྲགས། བོད་རང་སྐྱོང་ལྗོངས་རིམ་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོས་སྐུལ་ཁྲིད་དང་། ལས་རིགས་དང་། ས་ཁུལ། གྲོང་ཁྱེར་བཅས་ཀྱི་འགྲན་བསྡུར་གཉེར་རྒྱུ་གཙོ་བོ་བྱས་པའི་སྤྱི་ཚོགས་རྒྱ་ཁྱབ་ཏུ་ཞུགས་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་གཉིས་རེར་བོད་རང་སྐྱོང་ལྗོངས་རིམ་པའི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྒྲིག་འཛུགས་བྱས་ཏེ་རྒྱ་ཆེའི་ངལ་རྩོལ་པ་རྩལ་ནུས་འགྲན་བསྡུར་ལ་ཞུགས་རྒྱུར་དོ་སྣང་ཡོང་བར་ཁྲིད་སྟོན་གྱིས་ལས་རིགས་ཀྱི་རྩལ་ནུས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་པ་རེད།
     བོད་ཀྱིས་ལས་རིགས་རྩལ་ནུས་ཀྱི་དཔྱད་བསྡུར་གདེང་འཇོག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་རིགས་འཇོན་ཐང་སྟོན་ཕྱོགས་དང་ལས་ཀའི་གྲུབ་འབྲས་གཙོ་གནད་དུ་བྱས་ཏེ་དཔྱད་ཞིབ་གསལ་འབྱེད་དང་། དཔྱད་བསྡུར་ཟུང་འབྲེལ། བརྒྱུད་རིམ་དཔྱད་བརྗོད། ཐད་ཀར་ཁས་ལེན་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་རྩལ་ནུས་མི་སྣས་རང་གིས་རང་ལ་གདེང་འཇོག་དང་། སྲིད་གཞུང་གིས་གཟེངས་རྟགས་སྤྲད་ནས་ཁྲིད་སྟོན་བྱེད་པ་དང་། ལས་རིགས་ཁེ་ལས་ཀྱིས་བྱ་དགའ་སྤྲོད་རྒྱུ་གཙོ་བོར་བྱེད་པ། སྤྱི་ཚོགས་ཀྱིས་ཁ་གསབ་བྱ་དགའ་སྤྲོད་པ་བཅས་ཀྱི་རྩལ་ནུས་ཆེ་བའི་ཤེས་ལྡན་པར་ལྕག་སྐུལ་གཏོང་བའི་མ་ལག་བཙུགས་ཏེ་ལོ་ལྟར་ས་མཐོའི་བཟོ་བོ་2དང་ལོ་གསུམ་ལ་བོད་རང་སྐྱོང་ལྗོངས་ཀྱི་རྩལ་ནུས་འཇོན་ཐང་ཅན་20བདམས་པ་དང་། ལོ་ལྟར་བོད་རང་སྐྱོང་ལྗོངས་རིམ་པའི་རྩལ་ནུས་མཁས་པའི་ལས་དོན་ཁང་5ནས་10བར་གཏན་འཁེལ་བྱས་ཡོད།