༄༅།།བོད་ལྗོངས་ཀྱི་ཉེས་ཅན་4བཟུང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་15ཉིན། 14:44】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་ནི་སྐྱེ་ཁམས་ཁོར་ཡུག་གི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་མིའི་རིགས་ཀྱི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་ཁྲིམས་དང་འགལ་ནས་རྔོན་རྒྱག་མི་ཆོག་པ་གཏན་འབེབས་གསལ་པོ་བྱས་ཡོད་མོད། འོན་ཀྱང་མི་ཁ་ཤས་ཀྱིས་སྒེར་གྱི་འདོད་པ་ཚིམ་ཆེད། བསམ་གཟས་ནས་ཉེས་དོན་སྒྲུབ་བཞིན་ཡོད།
“ཁུ་ནུ་”ཞེས་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ལས་འགན་གཙོ་བོར་དམིགས་ཏེ། ནགས་ཚལ་ཐོན་ཁུངས་དང་དེ་བཞིན་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་བ་རེད། ཉེ་ཆར། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་བསད་པའི་གྱོད་གཞི་ཞིག་རྩད་ཆོད་ནས། ཁྲིམས་འགལ་ངང་རྔོན་རྒྱག་མཁན་4བཟུང་བ་དང་། ཁྲིམས་འགལ་ངང་ཉོ་སྒྲུབ་བྱེད་མཁན་3བཟུང་། གླ་རྩི་3དང་། གླ་མཇུག་1 རི་དྭགས་འཛིན་བྱེད་4བཅས་གཞུང་བཞེས་བཏང་བ་རེད།
2023ལོའི་ཟླ་3ཚེས་13ཉིན། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་རི་ནང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཁུངས་སྣེ་ཞིག་མཁོ་འདོན་བྱས་ནས། “ཁོངས་གཏོགས་ཁུལ་གྱི་གྲོང་མི་ཉི་ཆེ་གེ་མོ་དང་མིག་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པའི་བྱ་སྤྱོད་སྤེལ་ཡོད་”ཅེས་བཤད་པ་རེད། ཁུངས་སྣེ་ཤེས་རྗེས། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཆེད་དོན་གྱོད་གཞི་ཚོ་ཆུང་བཙུགས་པ་དང་འབྲེལ། རྒྱལ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་སྔ་བསྣུར་དུ་ཞུགས་ནས་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་ལས་དོན་སྤེལ་བ་རེད།
བཀོད་སྒྲིག་ནན་པོ་བྱས་པ་བརྒྱུད། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་འཕྲལ་མར་རི་ནང་ཤང་དུ་བསྐྱོད་དེ་འཛིན་བཟུང་བྱ་སྤྱོད་སྤེལ་བ་དང་འབྲེལ། ཉེས་གསོག་དོགས་ཅན་གཉིས་བཟུང་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོ་དང་མིག་ཆེ་གེ་མོ་གཉིས་ཀྱིས་2020ལོ་ནས་2023ལོའི་བར་ལ། རོགས་པ་ལྷ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་དང་མཉམ་དུ་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རི་ནང་ཤང་དང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་། གྲ་ནང་རྫོང་སོགས་སུ་རི་དྭགས་འཛིན་བྱེད་བཞག་པ་དང་། རྒྱལ་ཁབ་ཀྱི་རྩ་ཆེའི་སྲོག་ཆགས་གླ་དང་ཤྭ་བ་6ཁྲིམས་འགལ་ངང་བསད་ནས། གླ་རྩི་5བླངས་པ་མ་ཟད། ལག་ཏུ་ཐོབ་པའི་གླ་རྩིའང་རིན་གོང་མི་འདྲ་བའི་ཐོག་ནས་བཙོངས་པའི་ཉེས་གསོག་དོན་དངོས་ཁས་བླངས་པ་རེད།
མིག་སྔར། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཉི་ཆེ་གེ་མོ་སོགས་རྔོན་རྒྱག་མཁན་4ཁྲིམས་ལྟར་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞིའི་ཐོག་ནས་བཟུང་པ་དང་། ཁྲིམས་འགལ་ངང་ཉོ་སྒྲུབ་བྱེད་མཁན་3ལ་ཁག་འཁུར་འདྲིར་སྒུག་གི་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ། གྱོད་གཞི་ལོགས་སུ་བཀར་ནས་ཐག་གཅོད་བྱེད་བཞིན་ཡོད་པ་དང་། གྱོད་གཞི་དེ་སྔར་ལས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་དམངས་ཚང་མས་སྒྲུབ་དགོས་ངེས་ཀྱི་འོས་འགན་ཞིག་ཡིན་པས། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་གསོད་རྒྱུ་གཏན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། གལ་ཏེ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་གསོད་པ་དང་། ཉོ་ཚོང་། འདྲེན་འཚོང་བཅས་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་འབྲེལ་ཡོད་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། སྤྱི་བདེ་ལས་ཁུངས་ལ་ཐད་ཀར་ཁ་པར་རྒྱག་པའམ་ཡང་ན་110ལ་ཐེར་འདོན་བྱེད་ཆོག
