འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ད་ལྟ་གསེར་ཉོ་བའི་དུས་ཡག་ཤོས་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཨ་རིའི་ཀུའེ་ཀུའུ་དངུལ་ཁང་ནས་ཡོ་རོབ་སུའེ་ཙེར་གྱི་ཡིད་རྟོན་དངུལ་བུན་བར་གྱི་དོན་རྐྱེན་གྱིས་དངུལ་ཁང་གི་མ་རྐང་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད། མ་དངུལ་འཇོག་མཁན་ཚོས་དངུལ་ཁང་ལས་རིགས་ཀྱི་ཉམས་ཉེན་ཆེ་རུ་འགྲོ་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། དངུལ་ཁང་ལས་རིགས་ཀྱི་ཡོ་ལང་རྐྱེན་པས་དངུལ་རྩའི་ཁྲོམ་རའི་ཉམས་ཉེན་གྱི་ཕྱོགས་ཆ་མངོན་གསལ་ཆུང་དུ་ཕྱིན་ཡོད། མ་དངུལ་འཇོག་མཁན་ཚོ་གཅིག་རྗེས་གཉིས་མཐུད་ངང་ཉེན་གཡོལ་མ་རྩ་སྟེ་གསེར་ཉོ་བར་ཁ་ཕྱོགས་པ་རེད། 
     དངུལ་ཁང་ལས་རིགས་ཡོ་ལང་བྱུང་བ་ནས་བཟུང་། གསེར་གོང་རིམ་པར་འཕར་ཡོད། ཟླ་3པའི་ཟླ་སྟོད་དུ། ཀུའེ་ཀུའུ་དངུལ་ཁང་ཟུར་འདེད་བྱས་པ་ནས་ད་ལྟའི་བར་དུ། གསེར་གོང་ཕལ་ཆེར་8%འཕར་བ་དང་། འདས་ཟིན་པའི་གཟའ་འཁོར་གཅིག་ནང་། གསེར་གོང་ཨང་སི་རེར་ཨ་སྒོར་2000གི་ཚད་ལས་ཀྱང་བརྒལ་ནས། ན་ནིང་ཟླ་3པ་ཚུན་གྱི་མཐོ་ཤོས་སུ་སླེབས་ཡོད།
     རྒྱལ་སྤྱིའི་རིམ་པ་དཔྱད་བསྡུར་སྒྲིག་གཞི་ཧུའེ་ཡུས་ཀྱིས་ངོས་འཛིན་བྱས་དོན། གོ་ལ་ཧྲིལ་པོའི་དངུལ་རྩའི་བརྟན་མིན་རང་བཞིན་ཆེ་རུ་ཕྱིན་ཚེ། སླད་ཕྱིན་གྱི་གཟའ་འཁོར་ཁ་ཤས་ནང་ལོ་རྒྱུས་ཐོག་གསེར་གོང་མཐོ་ཤོས་ལ་སླེབས་སུ་འཇུག་སྲིད། དེ་ཡང་2020ལོའི་ཟླ་བརྒྱད་པར་ཨང་སི་རེར་ཨ་སྒོར་2075ཟིན་པ་བཞིན་རེད།
     གཞན་ཡང་། ཁྲོམ་རས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་གོམ་སྟབས་རྗེས་མའི་བྱ་སྤྱོད་ལ་སྔོན་དཔག་བྱས་པ་དེས་ཀྱང་གསེར་གོང་གི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཡོད། ཕྱི་ཚུལ་ནས་བལྟས་ན། གསེར་གོང་ནི་ཨ་སྒོར་གྱིས་གཏན་འཁེལ་བྱེད་པས། ཨ་སྒོར་གྱི་རིན་གོང་ཆག་པ་དང་བསྟུན་ནས་ཉོ་སྒྲུབ་བྱེད་ཤུགས་ཆུང་དུ་ཕྱིན་ཏེ་གསེར་གོང་ཡང་ཆེ་རུ་འགྲོ་བ་རེད། དེ་ལས་མ་དངུལ་འཇོག་པ་དངོས་ཀྱི་ཆ་ནས་བརྗོད་ན། སྐྱེད་ཀ་མེད་པའི་རྒྱུ་ནོར་གྱི་གསེར་དང་ཨ་སྒོར་གྱི་སྐྱེད་ཚད་དངོས་ལྡོག་ཕྱོགས་སུ་གྱུར་པ་མངོན་གྱི་ཡོད། 
     སྤྱི་འགྲོས་འདི་འདྲ་ཞིག་ཡོད་དེ། སྐྱེད་ཚད་དངོས་ནི་མིང་ཐོག་སྐྱེད་ཚད་ཀྱི་ཁར་དངུལ་ལོར་འགྲེམས་ཐལ་ཤོར་བའི་སྔོན་དཔག་འཕྲི་བ་དང་མཚུངས། ད་ལྟའི་ཆ་ནས་བརྗོད་ན། ཡོ་རོབ་དང་ཨ་རིའི་དངུལ་ཁང་ལས་རིགས་ཡོ་ལང་བྱུང་བའི་དབང་གིས་ཁྲོམ་རས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་སྐྱེད་ཀ་སྤོར་རིགས་འགོར་དུ་བཏང་བ་དང་། ཐ་ན་གནས་སྐབས་སྐྱེད་ཀ་སྤོར་མཚམས་འཇོག་ཏུ་བཅུག་པས་ཨ་སྒོར་གྱི་མིང་ཐོག་སྐྱེད་ཚད་ཆག་པའི་རྣམ་པ་ཐོན་མོད། འོན་ཀྱང་ཁྲོམ་རའི་སྔོན་དཔག་ལྟར་ན་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་སྔར་བཞིན་མི་འབྱུང་བས། དངུལ་ལོར་འགྲེམས་ཐལ་ཤོར་བའི་སྔོན་དཔག་ལས་འགྱུར་ལྡོག་ཆེན་པོ་མི་ཡོང་། དེར་བརྟེན་ཨ་སྒོར་གྱི་སྐྱེད་ཚད་དངོས་ཆག་ངེས་པ་དེས་གསེར་གོང་ལའང་ཕན་ཐོགས་ཡོད། 
     ཉེ་ལམ་ད་དུང་དམིགས་བསལ་གྱི་གནས་ཚུལ་ཞིག་ཡོད་དེ། ཁ་ཕྱོགས་ཆེན་པོ་ནས་བལྟས་ན། གསེར་གོང་དང་ཨ་སྒོར་གྱི་འཕེལ་ཕྱོགས་གཉིས་ལྡོག་ཕྱོགས་སུ་གྱུར་པ་བདེན་ནའང་འདས་ཟིན་པའི་གཟའ་འཁོར་ཁ་ཤས་ནང་གསེར་དང་ཨ་སྒོར་དུས་གཅིག་ཏུ་འཕར་བའི་རྣམ་པ་ཐོན་ཡོད།
     ཧུད་ཧྥེང་ཚོགས་པའི་དབྱེ་ཞིབ་ལས་བསྟན་དོན། དེ་ནི་ཉེན་ཁ་ཇེ་ཆེར་འགྲོ་བའི་དུས་སུ། ཉེན་གཡོལ་གྱི་ངང་ཚུལ་འཆང་བས་མ་དངུལ་གཏོང་མཁན་གྱིས་དུས་གཅིག་ལ་ཉེན་གཡོལ་རང་བཞིན་གྱི་གསེར་དང་ཨ་སྒོར་འཚོལ་ཐབས་བྱས་པ་འདིའང་དངུལ་རྩའི་གནོན་ཤུགས་ཇེ་ཆེར་སོང་བའི་རྟགས་མཚན་ཞིག་རེད། རྒྱུན་ལྡན་མིན་པའི་གནས་ཚུལ་འདི་བསྟུད་མར་ཉིན་ཁ་ཤས་སམ་ཟླ་ཤས་ལ་འབྱུང་སྲིད་པ་ནི་ཉམས་ཉེན་གྱི་ཚད་དང་དུས་ཡུན་ལ་རག་ལས་པ་རེད། མཇུག་མཐར་དེ་གཉིས་ཀྱི་ལྡོག་ཕྱོགས་འབྲེལ་བ་ཡང་བསྐྱར་འཛུགས་ངེས་ཤིང་། རྒྱུན་པར་གསེར་གོང་མར་ཆག་གི་ཡོད།