འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁང་པ་ཉོ་དུས་སྒོར་ཁྲི་348མགོ་སྐོར་ཐེབས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་03ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་30ཉིན། ཁྲིམས་ཁང་ནས་ཁང་པ་ཧབ་འཚོང་རྒྱག་ཁུལ་གྱི་ཁ་བསླུས་བརྒྱབ་པའི་གྱོད་དོན་ཞིག་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རྩད་ཆོད་མཐའ་གསལ་བྱུང་བ་མ་ཟད། ཁ་བསླུས་བརྒྱབ་པའི་ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོ་བཟུང་བ་དང་། གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་348ཟིན་ཡོད་པ་རེད།
   ཟླ་1ཚེས་16ཉིན། གནོད་འཚེ་ཕོག་མཁན་ཕུན་ཆེ་གེ་མོས་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་གྱོད་དོན་སྙན་སེང་ཞུས་ནས་བཤད་དོན། ང་ཁང་པ་ཉོ་དུས་གཞན་གྱིས་ཁ་བསླུས་བརྒྱབ་བྱུང་ཟེར།  གྱོད་དོན་གྱི་སྙན་ཞུ་འབྱོར་རྗེས། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་གྱོད་དོན་ཐག་གཅོད་མི་དམངས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་བྱས་པ་རེད།
    བརྟག་དཔྱད་བྱས་པ་ལྟར་ན། མི་རིང་བའི་སྔོན་དུ། ཟླ་ཆེ་གེ་མོས་ཕུན་ཆེ་གེ་མོར། ངས་ཁྱོད་ལ་ཁང་པ་ཉོ་རོགས་བྱེད་ཐུབ་ཟེར།  ཁང་པ་ཉོ་གྲབས་ཡོད་པའི་ཕུན་ཆེ་གེ་མོས་དེ་གོ་རྗེས་སེམས་འགུལ་ནས། ཟླ་ཆེ་གེ་མོར་སྒོར་ཁྲི་170སྤྲད་མོད། འོན་ཀྱང་ཟླ་ཆེ་གེ་མོས་དུས་ཡུན་རིང་པོ་སོང་རུང་ཁང་པ་ཉོ་བའི་འགྲོ་ལུགས་འགྲིམས་པའི་ལག་ཁྱེར་མ་བསྟན། ཕུན་ཆེ་གེ་མོས་ཇི་ལྟར་འདྲི་རྩད་བྱས་ཀྱང་ཟླ་ཆེ་གེ་མོས་ཨ་ལན་ཕྱིར་འགྱངས་བྱས་པ་དང་། ཕྱིས་སུ་འབྲེལ་བ་རྦད་དེ་བཅད་པ་རེད། 
    མྱུལ་ཞིབ་བྱེད་པའི་བརྒྱུད་རིམ་ནང་། གྱོད་དོན་ཐག་གཅོད་མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་གནོད་འཚེ་ཕོག་མཁན་ཕུན་ཆེ་གེ་མོའི་ས་ནས་དཔང་རྟགས་འཚོལ་བསྡུ་བྱས་ཏེ་དཔང་རྟགས་གཏན་འཁེལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོ་འཛིན་རྒྱུའི་གྲ་སྒྲིག་བྱས་པ་རེད། ཉིན་བཅུ་ལྷག་ཙམ་རིང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ཟླ་1ཚེས་30ཉིན་དོགས་ཅན་དེ་འཛིན་ཐུབ་པ་བྱུང་བ་རེད།
   འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོས་ཨར་པོའི་ཚོང་ལས་ལ་དངུལ་འཇོག་དང་། ཁྲིམས་ཁང་གིས་ཁང་པ་ཧབ་འཚོང་རྒྱག་པར་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ཕུན་ཆེ་གེ་མོའི་ས་ནས་སྔ་རྗེས་སུ་སྒོར་ཁྲི་348གཡོ་ལེན་བྱས་པ་མ་ཟད། གཡོ་ལེན་བྱས་དངུལ་བུན་ཚབ་འཇལ་བྱེད་དང་རྒྱུན་གཏན་གྱི་གཏོང་སྒོའི་ཐད་སྤྱད་པའི་ཉེས་བསགས་ཀྱི་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་རེད།
   ད་ལྟ། ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་དོན་འདི་རྩད་ཞིབ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།