འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ན་ནིང་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་10ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་03ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བཀོལ་སྤྱོད་ཀྱི་རྣམ་པ་རྒྱ་ཆེ་བ་དང་ཁྲོམ་རའི་དགོས་མཁོ་ཆེན་པོའི་འདེགས་སྐྱོར་འོག་2022ལོར་རང་རྒྱལ་གྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས(གཤམ་དུ་མཉེན་ཆས་ལས་རིགས་ཞེས་བསྡུ་རྒྱུ)འཁོར་སྐྱོད་བརྟན་པོ་བྱུང་ནས་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་10ཟིན་པ་དང་། ཁེ་སྤོགས་ཀྱི་ཐོབ་ནུས་རྒྱུན་འཁྱོངས་བརྟན་པོ་ཐུབ་པ། མཉེན་ཆས་ལས་སྒོའི་ཕྱིར་གཏོང་མུ་མཐུད་འཕར་བ་བཅས་བྱུང་ཡོད།
    མཉེན་ཆས་ལས་སྒོའི་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཁེ་སྤོགས་ཐོབ་ནུས་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། 2022ལོར་རྒྱལ་ཡོངས་ཀྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཁྲི་3.5ལྷག་ཙམ་ཡོད་པར་རིམ་རྩིས་བྱས་ན་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་108126ཟིན་པ་དེ་དུས་མཚུངས་ལས་11.2%འཕར་ཡོད་པ་རེད།
    ལོ་ཧྲིལ་པོར་མཉེན་ཆས་ལས་རིགས་ཀྱི་ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་12648ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་གཙོ་གཉེར་ལས་སྒོའི་ཁེ་སྤོགས་འབབ་ཚད་9.1%ཟིན་ཡོད།
    ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་འཕར་མགྱོགས་པོ་བྱུང་བ་དང་ལས་རྣམ་གསར་པའི་འཕེལ་ཕྱོགས་དགའ་འོས་པ་ཞིག་ཡོད། 2022ལོར་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་70128ཟིན་པ་དེ་དུས་མཚུངས་ལས་11.7%འཕར་ནས་ལས་རིགས་ཡོངས་ཀྱི་སྤྱིའི་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.5ཡིས་མཐོ་བ་ཡོད་པ་དེས་ལས་རིགས་ཡོངས་ཀྱི་ཡོང་འབབ་བསྡུར་ཚད་ཀྱི་64.9%ཟིན་ཡོད། དེའི་ནང་སྤྲིན་ཚོམ་ཞབས་ཞུ་དང་གྲངས་གཞི་ཆེན་མོའི་ཞབས་ཞུར་བསྡོམས་ཡོང་འབབ་སྒོར་དུང་ཕྱུར་10427ཟིན་པ་དེ་དུས་མཚུངས་ལས་8.7%འཕར་ནས་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་ཀྱི་14.9%བཟུང་བ་དེས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2ཀྱིས་མཐོ་རུ་ཕྱིན་པ་དང་། འདུས་གྲུབ་གློག་ལམ་ཇུས་འགོད་ཐད་ཡོང་འབབ་སྒོར་དུང་ཕྱུར་2797ཟིན་པ་དེ་དུས་མཚུངས་ལས་12.0%འཕར་བ། དྲ་ཐོག་ཚོང་དོན་ལས་སྟེགས་ལག་རྩལ་ཞབས་ཞུར་ཡོང་འབབ་སྒོར་དུང་ཕྱུར་11044ཟིན་པ་དེ་དུས་མཚུངས་ལས་18.5%འཕར་བ་བཅས་རེད།