འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དགེ་རྒན་འདི་ལ་དུས་བཙོན་ལོ་13བཅད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། 2023ལོའི་ཟླ་1ཚེས་31ཉིན།  ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཡོན་ཀྲོའུ་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོར་བཙན་བཪྙས་ཀྱི་ཉེས་པ་བསགས་པའི་གྱོད་གཞིར་དཔྱད་མཚམས་ཁྱབ་བསྒྲགས་བྱས་ནས། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་བཙན་གཡེམ་གྱི་ཉེས་པ་བསགས་པ་དང་། བཙན་བཪྙས་ཀྱི་ཉེས་པ་བསགས་པ། བྱིས་པར་ཆགས་རྩེད་ཀྱི་ཉེས་པ་བསགས་པ་བཅས་ལ་མཉམ་དུ་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བཅད་པ་དང་། དུས་མཚུངས་སུ་ཞུ་སྦྱོར་ཕྱི་མ་བ་ལི་ཆེ་གེ་མོ་ཚེ་གང་པོར་ལོ་ན་མ་སོན་པའི་སྐྱེ་བོ་དང་འབྲེལ་བའི་ལས་ཀ་བྱེད་རྒྱུ་གཏན་འགོག་བྱས།  འདི་ཡང་ཉིང་ཞ་ཡིས་ལོ་ན་མ་སོན་པའི་སྐྱེ་བོ་ལ་མཚན་མའི་བཙན་གནོད་བྱེད་པའི་ཞུ་སྦྱོར་ཕྱི་མ་བར་མི་ཚེ་གང་བོར་ལས་རིགས་བཀག་སྡོམ་བྱས་པའི་གྱོད་གཞི་དང་པོ་དེ་རེད། 
   ཁྲིམས་ཁང་གིས་རྩད་ཆོད་མཐའ་གསལ་བྱུང་དོན། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས2012ལོ་ནས་2018ལོའི་བར། སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭའི་འཛིན་བདག་དང་གྲངས་རིག་དགེ་རྒན་གྱི་འགན་འཁུར་བའི་སྐབས་སུ། དགེ་རྒན་གྱི་མཐུན་རྐྱེན་ལ་བརྟེན་ནས་མགོ་སྐོར་གཏོང་བ་དང་བཙན་སྐུལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གསབ་ཁྲིད་དང་། རྒྱུགས་ཤོག་ལ་ལྟ་བ། ཆུ་ཁོལ་མ་ལེན་པ། ཁྱིམ་དུ་འཚམས་འདྲིར་སྐྱོད་པ་སོགས་ལ་ཁ་གཡར༌ནས་དགོང་མོའི་རང་སྦྱོང་གྲོལ་རྗེས་སློབ་ཆུང་གི་བུད་མེད་སློབ་མའི་ཉལ་ཁང་ནང་སྔ་རྗེས་སུ་སློབ་གྲྭ་དེར་ཡོད་པའི་བུད་མེད་སློབ་མ་15སོ་སོར་རང་ཁྱིམ་དང་། ཉེ་འགྲམ་གྱི་རི་མགོ། སློབ་ཁང་སོགས་སུ་བཙན་གཡེམ་དང་ཆགས་རྩེད་ལ་ཁྲིད་པ་རེད། དེའི་ནང་ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་བཙན་གཡེམ་གྱི་ཉེས་གསོག་གྱོད་གཞི་1དང་། བཙན་བཪྙས་ཀྱི་ཉེས་གསོག་གྱོད་གཞི་6 བྱིས་པར་ཆགས་རྩེད་ཀྱི་ཉེས་གསོག་གྱོད་གཞི་8བཅས་ཡོད་པ་རེད།
    ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་རྒྱལ་ཁྲིམས་རྩིས་མེད་དུ་བཏང་སྟེ་བུད་མེད་ཀྱི་འདོད་བློ་དང་འགལ་ནས་རང་གི་དགེ་རྒན་གྱི་ཐོབ་ཐང་བེད་སྤྱད་དེ་ལོ་ན་མ་སོན་པའི་བུད་མེད་སློབ་མ་ལ་མཚན་མའི་བཙན་གནོད་བྱས་ནས། བྱ་སྤྱོད་དེ་བཙན་གཡེམ་གྱི་བྱས་ཉེས་སུ་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་འདོད་པ་ཚིམ་པར་དམིགས་ཡུལ་དུ་བཟུང་ནས། མགོ་སྐོར་དང་བཙན་ཤེད་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་གྲྭར་ཡོད་པའི་ལོ་ན་མ་སོན་པའི་བུད་མེད་སློབ་མ(ལོ་བཅུ་བཞི་ལ་སོན་པ)མང་པོར་ཆགས་རྩེད་ཀྱི་ཉེས་པ་བསགས་ཤིང་། མགོ་སྐོར་དང་བཙན་ཤེད་སོགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་གྲྭར་ཡོད་པའི་ལོ་ན་མ་སོན་པའི་བུད་མེད་སློབ་མ(ལོ་བཅུ་བཞི་ལ་མ་སོན་པ)མང་པོར་ཆགས་རྩེད་བྱས་པས། བྱིས་པར་ཆགས་རྩེད་ཀྱི་ཉེས་པ་བསགས་པར་ཉེས་ཆད་དྲག་པོ་གཅོད་དགོས།