འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐའེ་ཝན་ལ་ཐད་འཕུར་ས་ཚིགས་སླར་གསོའི་འབོད་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་2ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལེན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
གསར་འགོད་པ་ཞིག་གིས་འདྲི་དོན། ཤེས་རྟོགས་བྱུང་བར་གཞིགས་ན། སྐམ་ས་ཆེན་མོའི་མཁའ་འགྲུལ་གཙོ་གཉེར་སྡེ་ཚན་གྱིས་ཚོགས་འདུ་གཉིས་ཀྱི་གྲོས་ཆོད་འབྲེལ་གཏུག་ཐབས་ལམ་བརྒྱུད་ཐའེ་ཝན་ཕྱོགས་ལ་ངོགས་གཉིས་ཀྱི་ཐད་འཕུར་མཁའ་འགྲུལ་ས་ཚིགས་སླར་གསོ་བྱ་རྒྱུའི་རེ་བ་བཏོན་ཡོད། དེ་ལ་ར་སྤྲོད་བྱེད་པ་དང་། འབྲེལ་ཡོད་ཀྱི་བསམ་བློ་གཏོང་ཕྱོགས་ཀྱང་གསལ་བཤད་བྱེད་རོགས་ཟེར། 
   ཀྲུའུ་ཧྥེང་ལེན་གྱིས་བསྟན་དོན། ཟླ་2ཚེས་1ཉིན། སྐམ་ས་ཆེན་མོའི་མཁའ་འགྲུལ་གཙོ་གཉེར་སྡེ་ཚན་གྱིས《མཚོ་འགག་ངོགས་གཉིས་ཀྱི་མཁའ་ཐོག་སྐྱེལ་འདྲེན་གྲོས་མཐུན》གྱི་འབྲེལ་གཏུག་ཐབས་ལམ་བརྒྱུད། ཐའེ་ཝན་ཕྱོགས་ལ་གཞུང་ཡིག་བཏང་ཡོད། མིག་སྔར་ངོགས་གཉིས་ཀྱི་རིམས་ནད་གནས་ཚུལ་ཞི་འཇགས་སུ་གྱུར་བ་ནི་ངོགས་གཉིས་ཀྱི་མཁའ་འགྲུལ་ལམ་ཐིག་རྒྱུན་གཏན་ངང་འཁོར་སྐྱོད་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད། ཕྱོགས་གཉིས་པོས་ངོགས་གཉིས་ཀྱི་མཁའ་འགྲུལ་ལམ་ཐིག་རྒྱུན་གཏན་ལྟར་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། སྤུན་ཟླ་ཐའེ་ཝན་པར་དགོས་གལ་ཆེ་བའི་ཀོང་ཀྲོའུ་སོགས་ངོགས་གཉིས་ཀྱི་ཐད་འཕུར་མཁའ་འགྲུལ་ས་ཚིགས་16སླར་གསོ་བྱ་རྒྱུར་སྔོན་ལ་བསམ་གཞིག་བྱེད་པའི་རེ་བ་ཡོད། 
   ང་ཚོས་བལྟས་ན། མིག་སྔར་སྐམ་ས་ཆེན་མོའི་རིམས་ནད་ཚོད་འཛིན་ཡག་པོ་ཐུབ་ཡོད་པས། སྤུན་ཟླ་ཐའེ་ཝན་པ་བློ་བདེའི་ངང་སློབ་སྦྱོང་དང་། ལས་གཉེར། ལས་གཏོད། འཚོ་བ་སྐྱེལ་བ་སོགས་ཡོང་ཆོག མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླས་རྒྱུན་ལྡན་གྱི་སྤེལ་རེས་དང་འགྲོ་འོང་མངོན་འགྱུར་ཡོང་བར་རེ་འདོད་ཆེན་པོ་ཡོད་པས། ང་ཚོས་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད་འབྲེལ་ཡོད་གྲ་སྒྲིག་གང་ལེགས་བྱས་ཡོད། ཐའེ་ཝན་ཕྱོགས་ཀྱིས་ངོགས་གཉིས་ཀྱི་ཐད་འཕུར་གནམ་གྲུ་ཤར་གཏོང་ཐུབ་པ་ལས་སླ་པོར་བྱུང་བ་ཞིག་མིན་པས་གཅེས་སྤྲས་བྱས་ནས། བྱ་ཐབས་དངོས་སྤྱད་དེ་སྤུན་ཟླ་ཐའེ་ཝན་པར་དགོས་གལ་ཆེ་བའི་ངོགས་གཉིས་ཀྱི་ཐད་འཕུར་གནམ་གྲུའི་ས་ཚིགས་སྔོན་ལ་སླར་གསོ་བྱས་ནས་ངོགས་གཉིས་ཀྱི་མཁའ་ལམ་རྒྱུན་གཏན་ལྟར་སླར་གསོ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད།