འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས“རྫོང་རེར་སྤུས་རྟགས་རེའི” ངལ་ནུས་སྤུས་རྟགས་74བཏོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱིས“སྤུས་རྟགས་སྟོབས་ཆེར་གཏོང་བ་དང་། ཁྱད་ལྡན་ལ་སྣང་ཆེན་བྱེད་པ། ཕན་འབྲས་གཏོད་པ། ཡོང་འབབ་མང་དུ་གཏོང་བ”བཅས་བྱ་རྒྱུ་དེ་ངལ་ནུས་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་ལེགས་སུ་གཏོང་བའི་དམིགས་ཚད་གཙོ་བོར་བརྩིས་ནས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཞིབ་ཕྲའི་བྱེད་ཐབས་བཏོན་ནས་ནུས་ཤུགས་ཡོད་རྒུས“རྫོང་རེར་སྤུས་རྟགས་རེའི”ངལ་ནུས་སྤུས་རྟགས་གཏོད་པའི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ངལ་ནུས་སྤུས་རྟགས་74བཏོད་པའི་ནང་ངལ་ནུས་སྤུས་རྟགས་20བོད་རང་སྐྱོང་ལྗོངས་ཀྱི་ངལ་ནུས་སྤུས་རྟགས་དཀར་ཆག་ནང་བཅུག་པ་དང་། ངལ་ནུས་སྤུས་རྟགས་4མི་སྤྱི་པུས《ངལ་ནུས་སྤུས་རྟགས་བརྒྱའི་མིང་གཞུང》ནང་བཅུག་པས་ངལ་ནུས་སྤུས་རྟགས་ཀྱི་ལོ་འཁོར་ནང་ཁྱོན་མི་ཁྲི་27ལྷག་ཙམ་ཟིན་པ་དང་ལོར་འབབ་འཕར་སྒོར་དུང་ཕྱུར་32ལྷག་ཙམ་བྱུང་ཡོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་སྤུས་རྟགས་རྩེ་གྲ་དང་། གདེང་འཇོག་ཡག་པ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ་བཅས་ཀྱི་ངལ་ནུས་སྤུས་རྟགས་ཁག་གཅིག་གཙོ་གནད་ཐོག་བཏོད་ནས་སྤུས་རྟགས་དང་ལས་ཞུགས་གཉིས་ཀར་སྐུལ་འདེད་གཏོང་བ་དང་གཉིས་ཀ་འཕེལ་རྒྱས་བྱུང་བ་དང་། བོད་ཀྱི་ས་ཁམས་ཁོར་ཡུག་དང་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ། ས་གནས་ཀྱི་ཁྱད་ཆོས་ལ་དམིགས་པ་བཅས་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་སྔོག་འདོན་དང་སྐྱེད་སྲིང་གཏིང་ཟབ་བྱ་རྒྱུ་རེད། དེ་དང་དུས་མཚུངས“སྲིད་གཞུང་དང་། ངལ་ནུས་སྤུས་རྟགས། ཞིང་དུད། དངོས་ཚན་ཚོང་ཁང(དྲ་ཐོག་ཚོང་ཁང)བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་སྤུས་རྟགས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་པ་དང་། ལས་སྟེགས་སྣ་ཚོགས་ལ་བརྟེན་ནས་ངལ་ནུས་སྤུས་རྟགས་དྲིལ་བསྒྲགས་གང་ལེགས་བྱེད་པ། ངལ་ནུས་སྤུས་རྟགས་གཏོད་པའི་རྒྱབ་ལྗོངས་དང་། ངལ་ནུས་སྤུས་རྟགས་ཀྱི་རྒྱུན་འཛིན་པ། སྣེ་ཁྲིད་པ་སོགས་ཀྱི་དཔེ་མཚོན་མི་སྣའི་སྔོན་ཐོན་བྱས་རྗེས་གཙོ་གནད་ཐོག་དྲིལ་བསྒྲགས་བྱེད་པ། ངལ་ནུས་སྤུས་རྟགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་བཅས་རེད།