འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རི་ལ་ནན་གྱིས་བཤད་རྒྱུར། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རི་ལ་ནན་གྱིས་བཤད་རྒྱུར།
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་དྲིས་དོན། ཉེ་ཆར། ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་སྐོར་ལ། ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུང་གོ་ཕྱོགས་དང་འགྲན་རྩོད་ཚོད་འཛིན་དང་། རྒྱལ་མཚམས་ལས་སྒྲོལ་བའི་འགྲན་སློང་ལ་ཁ་གཏད་ཇི་ལྟར་འཇལ་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་བསྡུར་བྱ་རྒྱུ་ཡིན་ལུགས་ཐེངས་མང་གླེང་བ་མ་ཟད། ཀྲུང་གོ་ཕྱོགས་ལ་ཐའེ་ཝན་དང་། ཧྥེན་ཐའེ་ཉི། ཡུག་རེན། ཁྲའོ་ཞན་གྱི་ཉིང་རྡུལ་སོགས་ཀྱི་གནད་དོན་ཐད་ལའང་དོ་ཁུར་བྱེད་ཀྱི་ཡོད་ཚུལ་བསྟན་པར།  ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
   མའོ་ཉིང་གིས། ཀྲུང་གོ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ། མཉམ་ལས་གཉིས་ཁེ་བཅས་ཀྱི་རྩ་དོན་གསུམ་ལ་གཞིགས་ཏེ་ཀྲུང་ཨ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། དུས་མཚུངས་ང་ཚོས་རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གཡོལ་ཐབས་མི་བྱེད་ལ་འགྲན་རྩོད་ལའང་མི་སྐྲག ང་ཚོས་ངོ་རྒོལ་བྱེད་བྱ་ནི་ཀྲུང་ཨ་བར་གྱི་འབྲེལ་བ་ཧྲིལ་པོར་འགྲན་རྩོད་ཀྱི་མཚན་ཉིད་འཇོག་པ་དང་། འགྲན་རྩོད་ཀྱི་མིང་ཐོག་ནས་བཀག་འགོག་བྱེད་པ་དང་གནོན་ཤུགས་སྤྲོད་པ་འདི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག ཨ་རི་ཕྱོགས་དང་ཕྱོགས་གཉིས་སམ་ཕྱོགས་མང་ཁྱབ་ཁོངས་སུ་འབྲེལ་གཏུག་མཉམ་ལས་བྱེད་འདོད་ཡོད། འོན་ཀྱང་། ངེས་པར་དུ་བསྟན་དགོས་པ་ཞིག་ནི་ཨ་རི་ཕྱོགས་ཀྱིས་ཕྱོགས་གཅིག་ནས་འབྲེལ་གཏུག་དང་མཉམ་ལས་གླེང་བ་དང་། ཕྱོགས་གཅིག་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་ནས། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་རིགས་བྱེད་མི་རུང་བ་འདི་རེད། 
   མའོ་ཉིང་གིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་དང་། ཀྲུང་ཨ་བར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི། ཀྲུང་ཨ་བར་གྱི་འབྲེལ་བའི་ཐད་བརྒལ་དུ་མི་རུང་བའི་དམར་ཐིག་ཡིན་པས། ཨ་རི་ཕྱོགས་ཀྱིས་ག་དུས་ཡིན་ནའང་དམར་ཐིག་དེ་ལས་བརྒལ་རྩིས་མ་བྱེད་ཅིག
    རྒྱལ་སྤྱིའི་དུག་འགོག་ཁྱབ་ཁོངས་སུ་ཀྲུང་གོ་ནི་གོ་ལ་ཧྲིལ་པོར་དངོས་སུ་ཧྥེན་ཐའེ་ཉིའི་རིགས་ཀྱི་དངོས་པོ་རིམ་པར་དོ་དམ་བྱེད་པའི་རྒྱལ་ཁབ་དང་པོ་ཡིན་པ་དང་། ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་འགོག་སྤྱི་ཆིངས་གཞི་སྒྲོམ་ནང་རྒྱལ་སྤྱིའི་དུག་འགོག་ཁྲིམས་བསྟར་མཉམ་ལས་ཤུགས་ཆེན་བྱས་ཡོད། དེ་ལས་ལྡོག་སྟེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྒྲིག་གཞིར་བཀག་སྡོམ་བྱས་པ་དེས་ཀྲུང་གོ་ཕྱོགས་ཀྱི་དུག་འགོག་ལས་ཀའི་ནུས་པར་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་ཚོད་འཛིན་བྱས་པ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཨ་རི་ཕྱོགས་ཀྱིས་ཀྱང་རྒྱལ་ནང་དུ་དུག་སྐྱོན་འགོག་ཤུགས་མི་འདང་བའི་གནད་དོན་ལ་བསམ་གཞིགས་གཏིང་ཟབ་བྱེད་དགོས་པ་ལས་ཁག་འགན་གཞན་དཀྲི་བྱེད་མི་རུང་ཞེས་གསུངས་པ་རེད།
    ཡུག་རེན་དང་ཁྲའོ་ཞན་གྱི་ཉིང་རྡུལ་སོགས་ཀྱི་གནད་དོན་ཐད། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་དང་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་“མེ་ཐོག་ཤིང་སྣོན་”དང་འགལ་བ་ཛ་དྲག་ཏུ་གཏོང་བའི་གཏམ་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་དང་ལངས་ཕྱོགས་ནི་དོན་དངོས་དང་ལོ་རྒྱུས་ཀྱི་ཉམས་སད་ཐུབ་པ་ཡིན།
   མའོ་ཉིང་གིས། ཀྲུང་ཨ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོ་ཡོང་བར་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་འཛམ་གླིང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པས། ཨ་རི་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འགྲོ་འོང་བྱེད་པ་དང་། སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ། གཉིས་ཁེ་མ་གཏོགས་རྒྱལ་ཕམ་རྩོད་རེས་མི་བྱེད་པ་བཅས་ཀྱི་འགྲོ་འོང་གི་ནང་དོན་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཀྲུང་ཨ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལམ་བུར་བསྐྱར་ལོག་གི་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་བྱས།