འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་སར་ལོ་གསར་གྱི་ཁྲོམ་རའི་མཁོ་སྤྲོད་དང་བྲིན་ཚོང་གཉིས་ཀ་ཡག་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཡའོ་མན།
     དཔྱིད་གསར་དུས་ཆེན་རིང་ལྷ་སའི་ལོ་གསར་གྱི་མཁོ་ཆས་ཁྲོམ་རའི་ཚོང་ཟོག་ཕུན་སུམ་ཚོགས་པ་དང་མཁོ་སྤྲོད་དང་བྲིན་ཚོང་གཉིས་ཀ་ཡག་པོ་ཡོད་པ་མ་ཟད། འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་གྱིས་འཛད་སྤྱོད་ཁྲོམ་རར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
     སྲོལ་རྒྱུན་གྱི་ལོ་གསར་མཁོ་ཆས་ཁྲོམ་ར་ཞིག་ཡིན་པའི་ངོས་ནས། དུས་ཆེན་འཆར་རིམ་བཞིན་ཁྲོམ་གཟིགས་སྒང་དང་བར་སྐོར་ཚོང་གྲོང་ཉེ་འགྲམ་གྱི་ཁྲོམ་གཞུང་དུ་མི་ཚོགས་ཀྱིས་ཁེངས་པ་དང་ཁྲོམ་རའི་ནང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། བྱི་རིལ་དང་ཤིང་ཏོག་དང་། ཤིང་ཏོག་སྐམ་པོ། ཏན་ཞིམ་ལ་སོགས་ཁྲོམ་གཟིགས་སྒང་གི་ཐོག་སོ་དང་པོའི་ཁ་ཏོག་ཁུལ་གྱི་ཚོང་ཟོག་སྣ་ཁ་འཛོམས་པས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་དེར་འདེམས་ཉོ་བྱེད་པར་ཡོང་གི་ཡོད། ཁྲོམ་རའི་ཕྱི་རོལ་དུ་ཕྱུ་ར་དང་ཤ་སྐམ་པོ་སོགས་གནས་སྐབས་བཙུགས་པའི་ཡུལ་ཟོག་ཐོན་རྫས་ཁྲོམ་སྟེགས་ཀྱི་ཚོང་ཡང་ཧ་ཅང་ཡག་པོ་ཡོད་པ་རེད།
     ཡུལ་སྐོར་བ་ཚའོ་ལགས་ཀྱིས“ངས་བར་སྐོར་ཚོང་གྲོང་དུ་ཆུ་ཚོད་གསུམ་ཙམ་སྐོར་བ་ཡིན། དེ་གའི་ཚོང་ཟོག་སྣ་ཁ་འཛོམས་ཤིང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རྒྱན་ཆའང་སྣ་ཚོགས་འདུག ངས་གཉེན་ཉེ་དང་གྲོགས་པོ་ཚོར་ལག་རྟགས་སུ་སྤྲོད་བྱེད་ཀྱི་རྒྱན་ཆ་མང་པོ་ཞིག་ཉོས་པ་ཡིན”ཞེས་བཤད།
     བར་སྐོར་ཁྲོམ་གཞུང་དུ་མི་ཧ་ཅང་མང་བ་དང་ཡུལ་དེ་གའི་མང་ཚོགས་མི་ཉུང་བ་ཞིག་གིས་དེ་ནས་བོད་ཀྱི་ལོ་གསར་ལ་གྱོན་པའི་བོད་ཆས་དང་བཟའ་བཅའ་སོགས་ཉོ་སྒྲུབ་བྱེད་ཀྱི་འདུག
     ལྷ་སའི་གྲོང་མི་ལྷ་མོ་དང་ཁོང་གི་ཨ་མས་སྔར་རྒྱུན་བཞིན་བོད་ཀྱི་ལོ་གསར་མ་སླེབས་གོང་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཉོ་བཞིན་ཡོད། “ལོ་ལྟར་ང་ཚོས་ཟླ་བ་གཅིག་གི་གོང་ནས་གྲ་སྒྲིག་བྱེད་ཀྱི་ཡོད། དེ་རིང་ང་དང་ཨ་མ་ཕྱུ་པ་བཟོ་བར་ཡོང་བ་ཡིན”ཞེས་བཤད།
    ལྷ་ས་གདོང་དཀར་སྡེབ་ཚོང་ཁྲོམ་རར་ལོ་སི་ནས་ཐོན་པའི་ཤིང་ཏོག་ངང་ལག་དང་ཆི་ལི་ནས་ཐོན་པའི་སེའུ་རླངས་འཁོར་ནང་འཇུག་བཞིན་འདུག “དཔྱིད་གསར་དུས་ཆེན་རིང་སེའུ་དང་འབྲི་ཏ་ས་འཛིན་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”གདོང་དཀར་ཁྲོམ་རའི་ཤིང་ཏོག་སྡེབ་ཚོང་ཁང་ཞིག་གི་སྦྱིན་བདག་གིས“མངགས་ཐོ་མང་པོ་ཡོད་པས་ཉེ་ཆར་ཉིན་ལྟར་ཤིང་ཏོག་སྒམ་སུམ་བརྒྱ་བཞི་བརྒྱ་ཙམ་སྐྱེལ་དགོས་ཀྱི་འདུག”ཅེས་དགའ་སྤྲོའི་ངང་བཤད།
     ལྷ་སའི་གདོང་དཀར་སྡེབ་ཚོང་ཁྲོམ་ར་ནི་བོད་ཀྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་དེ་ཡིན་པ་དང་དཔྱིད་གསར་དུས་ཆེན་འཆར་བ་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་ཐོན་རྫས་སྣ་ཚོགས་ཁྲོམ་ར་དེ་ནས་བོད་ཀྱི་ས་གནས་ཁག་ཏུ་རྒྱུན་མི་ཆད་པར་སྐྱེལ་གྱི་ཡོད།
    གསར་འགོད་པར་ཁྲོམ་རའི་འབྲེལ་ཡོད་འགན་འཁུར་བའི་ས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཁྲོམ་རས་མཁོ་འདོན་ཚོང་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་སྔོ་ཚལ་དང་ཤིང་ཏོག་ཐོན་ཁུལ་ནས་ཚོང་ཟོག་འཐེན་ཏེ། གཏོང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ཡུལ་རང་ནས་སྔོག་འཐུ་དང་ཐད་ཀར་མཁོ་འདོན་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་མཁོ་སྤྲོད་འདང་ངེས་དང་། རིན་གོང་བརྟན་པོ། བདེ་འཇགས་དང་གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད། ཉེ་བའི་གཟའ་འཁོར་གཅིག་ནང་ཉིན་རེར་ཤིང་ཏོག་ཉོ་ཚོང་བྱེད་ཚད་ཏུན་60ལྷག་ཙམ་ཟིན་པ་དང་ཉིན་རེར་སྔོ་ཚལ་ཆ་སྙོམས་ཉོ་ཚོང་བྱེད་ཚད་ཏུན་80ལྷག་ཙམ་ཟིན་གྱི་ཡོད་པ་རེད།
     “དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གྲོང་མི་མང་ཚོགས་ཀྱི་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་ཀྱི་དགོས་མཁོ་ཆེ་བས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་མང་ཚོགས་ལ་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས‘ལོ་གསར་གྱི་མཁོ་ཆས་དུས་ཆེན’གྱི་འགྲེམས་ཚོང་བྱེད་སྒོ་སྐབས་དང་པོ་སྤེལ་བ་དང་དེའི་རིང་རིན་མི་དགོས་པའི་ཁྲོམ་སྟེགས་300ལྷག་ཙམ་མཁོ་འདོན་བྱས་ཡོད”ཅེས་ཁྲེང་ཀོན་ཆུས་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་ཆོས་ཉིད་དབང་མོས་ལོ་གསར་གྱི་མཁོ་ཆས་དུས་ཆེན་ཟླ་1ཚེས་14ཉིན་ནས་ཟླ་2ཚེས་20ཉིན་བར་སྤེལ་རྒྱུ་རེད་ཅེས་བཤད།
    གསར་འགོད་པར་འགྲེམས་ཚོང་བྱ་ཡུལ་དུ་ལོ་གསར་གྱི་མཁོ་ཆས་ཕུད་ད་དུང་བོད་ལྷམ་དང་། སྤོས། བོད་ཆས། བོད་ཤོག་སོགས་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཁྲོམ་སྟེགས་མི་ཉུང་བ་ཞིག་ཡོད་པ་མཐོང་བྱུང་། དེ་ལས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མངོན་པ་མ་ཟད། ད་དུང་འཛད་སྤྱོད་ལ་སྐུལ་འདེད་ཀྱང་ཐུབ་ཡོད།
    ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཁྲོམ་ར་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་རིང་ལྷ་སའི་ཁྲོམ་རའི་འཛད་སྤྱོད་སྒྲིག་ལམ་ཡག་པོ་ཡོད་པ་དང་མཁོ་སྤྲོད་དང་བྲིན་ཚོང་གཉིས་ཀ་ཡག་པོ་བྱུང་ཞིང་། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་འཁོར་རྒྱུག་ཁེ་ལས་27གྱི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་10524.98ཟིན་ཡོད་པ་རེད།