འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་བརྗོད་དོན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མིག་སྔར་རྒྱལ་ཡོངས་སུ་རིམས་ནད་མཆེད་ཚད་སྤྱིར་ན་ཉུང་དུ་ཕྱིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་30ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥུང་གིས་དཔྱིད་གསར་དུས་ཆེན་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུ་འགན་ལེན་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ་དང་། རྒྱ་ཆེའི་སྨན་དོན་མི་སྣ་དང་ལས་རིགས་ཁག་གི་ལས་དོན་མི་སྣས་ལས་གནས་བརྟན་སྲུང་བྱས་པ། སྔོན་འགོག་དང་ཚོད་འཛིན་ལས་དོན་བརྟན་ལ་གོ་རིམ་ལྡན་པ་བྱས་པ། “རིཌ་ཁ་པའི་དོ་དམ་བྱེད་ཐབས་ཁ་པ”དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་ཡོད་པ་དང་། མིག་སྔར་རྒྱལ་ཡོངས་སུ་རིམས་ནད་མཆེད་ཚད་ཉུང་དུ་ཕྱིན་པ་དང་ས་གནས་ཁག་གི་རིམས་ནད་ཀྱི་གནས་ཚུལ་བརྟན་པོའི་ངང་ཆག་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད་པ་རེད།
    གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་བྱེད་པའི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན། “ས་གནས་ཁག་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འཁོར་སྐྱོད་གནས་ཚུལ་དང་རིམས་ནད་གནས་ཚུལ་སྔར་བས་ཁོང་དུ་ཆུད་པ་བྱ་ཆེད། ང་ཚོས་གཞི་རིམ་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་གནས་ཚུལ་ལ་ཉིན་རེར་ལྟ་ཞིབ་ཚད་ལེན་དང་། ཉིན་རེར་བཀོད་གཏོང་། ཉིན་རེར་སྙན་སེང་ཞུ་བའི་ལམ་ལུགས་མཐའ་འཁྱོངས་བྱས་ཡོད། དཔྱིད་གསར་དུས་ཆེན་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྔ་ཕྱི་བར་གསུམ་དུ་རྒྱུན་གཏན་ལྟར་འཁོར་སྐྱོད་རྒྱུན་འཁྱོངས་བྱས་ནས་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྒོ་བསྟེན་ཞབས་ཞུ་མཁོ་འདོན་བྱས་ཡོད”ཅེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་སིའི་ལྟ་ཞིབ་ཀྲོན་ཡོན་པོ་ཝུའེ་ཡིས་ངོ་སྤྲོད་བྱས།
    “2022ལོའི་ཟླ་12ཚེས་21ཉིན་ལྟ་ཞིབ་ཚད་ལེན་བྱས་ཚུན་དུ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་། སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་། དོས་དྲག་སྨན་བཅོས་ཁང་བཅས་ཀྱི་སྨན་བཅོས་མི་ཐེངས་སྤྱིར་ན་སྔོན་ལ་མང་དུ་ཕྱིན་པ་ནས་རྗེས་སུ་ཉུང་དུ་འགྲོ་བའི་རྣམ་པ་ཐོན་ནས་མིག་སྔར་བརྟན་པོའི་ངང་ཆག་བཞིན་ཡོད”ཅེས་པོ་ཝུའེ་ཡིས་ངོ་སྤྲོད་བྱས། ཁོང་གིས་2023ལོའི་ཟླ་1ཚེས་21ཉིན་ནས་ཚེས་27ཉིན་བར་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་ནད་པ་ཉུང་དུ་ཕྱིན་པ་དང་ལོ་གསར་ཚེས་གཅིག་ཉིན་ནད་པ་ཉུང་ཤོས་ཡིན་པ་དང་དེ་རྗེས་ནད་པ་མང་དུ་ཕྱིན་ཡོད་མོད། འོན་ཀྱང་ལོ་གསར་གོང་གི་ནད་པ་དང་བསྡུར་ཚེ་40%ཙམ་ཆག་ཡོད། 2022ལོའི་ཟླ་12ཚེས་23ཉིན་གྱི་ནད་པ་མང་ཤོས་དང་བསྡུར་ན་94%ཆག་ཡོད། 2023ལོའི་ཟླ་1ཚེས་27ཉིན་གཞི་རིམ་སྒྲིག་གཞིའི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་དང་དོས་དྲག་སྨན་བཅོས་ཁང་དུ་ནད་པ་མི་ཐེངས་ཁྲི་203.6ཟིན་པ་དེ་ལོ་གསར་གོང་དང་བསྡུར་ན་བཅུ་ཆ་གསུམ་ཙམ་ཉུང་དུ་ཕྱིན་ཡོད་ཅེས་བཤད།
    “སྤྱིའི་ཆ་ནས་བལྟས་ན། དཔྱིད་གསར་དུས་ཆེན་རིང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་བཅོས་སྲོག་སྐྱོབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད”ཅེས་པོ་ཝུའེ་ཡིས་ངོ་སྤྲོད་བྱས་པ་དང་ཁོང་གིས་ས་གནས་ཁག་གིས་དཔྱིད་གསར་དུས་ཆེན་རིང་གཙོ་གནད་མི་ཚོགས་དང་ནད་གཞི་ལྕི་བའི་ནད་པ་གཞན་སྒྱུར་སྨན་བཅོས་དང་བརྒྱུད་འདྲེན་བྱེད་པའི་ལས་དོན་ཧུར་ཐག་སྤེལ་བ་དང་། 120ཡི་བརྒྱུད་འདྲེན་ནུས་པ་ཆེ་རུ་གཏོང་བ། ཁ་པར་ལེན་མཁན་མང་དུ་གཏོང་བ་བཅས་བྱས་པ་དང་ཆབས་ཅིག་མྱུར་སྐྱོབ་མིན་པའི་བརྒྱུད་འདྲེན་རླངས་འཁོར་རུ་ཁག་བཙུགས་ནས་ནད་པའི་དགོས་མཁོ་འགན་ལེན་བྱས་ཡོད། གོང་རིམ་སྨན་བཅོས་སྒྲིག་གཞིས་ཀྱང་གཞན་སྒྱུར་སྨན་བཅོས་ཀྱི་ཐོགས་མེད་བགྲོད་ལམ་བཏོད་ནས་ནད་པ་ལྕི་རིགས་ལ་སྨན་བཅོས་བྱེད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ་དུས་ཐོག་ཏུ་སྨན་བཅོས་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བཤད།