འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་སུ་བྱ་སྤྱོད་འདི་རིཊ་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་18ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་ཅིང་། རྒྱ་ཆེའི་མང་ཚོགས་ཚོས་ནང་མི་མཉམ་འཛོམས་དང་། གཉེན་ཉེ་དང་སྤུན་མཆེད་མཉམ་འཛོམས་གྱི་དགའ་སྤྲོའི་ཉིན་མོ་སླེབས་ཉེར་ཡོད། དུས་ཆེན་རིང་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཐོན་མང་བ་དང་དོན་རྐྱེན་བྱུང་སླ་པོ་ཡོད། མང་ཚོགས་ཀྱིས་བདེ་འཇགས་ངང་ལོ་གསར་ལ་རོལ་ཆེད། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་སུ་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་ནས། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གིས་ཆག་སྒོ་བཟོས་པའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ནན་འགོག་བྱ་རྒྱུ་རེད། 
     བྱ་སྤྱོད་སྤེལ་རིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དཔྱིད་གསར་དུས་ཆེན་རིང་མི་སྣ་འགྲོ་སྐྱོད་དང་། དུས་ཆེན་གྱི་གོམས་སྲོལ། དམངས་སྲོལ་བྱེད་སྒོ་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འགག་རྩའི་དུས་ཚིགས་ལ་རྩེ་གཅིག་ཏུ་དམིགས་པ་དང་། ཉིན་མོ་དང་མཚན་མོར་ཉེན་རྟོག་པ་གཅིག་གྱུར་བཀོད་སྒྲིག་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞབས་ཞུ་བཀོད་སྒྲིག་བྱེད་སྐབས་སྟབས་བསྟུན་ལེགས་སྒྲིག་བྱེད་པ། གྲོང་གསེབ་ས་ཁུལ་གྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་དོ་དམ་ནན་པོ་བཅས་བྱ་རྒྱུ་རེད།
     སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དྲན་སྐུལ་བྱས་དོན། བདེ་འཇགས་བྱུང་ན་ད་གཟོད་མཉམ་འཛོམས་ཐུབ་པ་དང་། དགའ་སྤྲོའི་ངང་འདུ་འཛོམས་ཐུབ་པས་རླངས་འཁོར་གཏོང་ན་ཆང་རག་མི་འཐུང་བ་དང་། ཆང་རག་བཏུངས་ན་རླངས་འཁོར་མི་གཏོང་བ་བློ་ལ་བརྟན་པོར་ངེས་དགོས། ཆང་བཏུངས་འཁོར་གཏོང་ནི་རང་ངོས་ཀྱི་བདེ་འཇགས་ལ་སྣང་ཆུང་བྱས་པ་ཞིག་ཡིན་ལ་གཞན་གྱི་ཚེ་སྲོག་ལ་སྣང་ཆུང་བྱས་པ་ཞིག་ཀྱང་རེད། མི་ཚང་མ་གནོད་འཚེ་ཕོག་མཁན་ཞིག་ཏུ་འགྱུར་སྲིད་པས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་བྱེད་སྤྱོད་ཀྱི་རིགས་རང་འགུལ་ངང་བཀག་འགོག་དང་། རང་འགུལ་ངང་ཁ་ཏ་བསླབ་བྱ་བྱས་ཏེ་མཉམ་དུ་དུས་བདེའི་མཉམ་འཛོམས་སྲུང་སྐྱོང་བྱེད་དགོས།