འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་འགོ་ཁྲིད་འདི་ཏང་དང་ལས་གནས་ནས་ཕུད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་11ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་། ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཟླ་བ་ཕུན་ཚོགས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
     ཞིབ་བཤེར་བྱས་པ་བརྒྱུད། ཟླ་བ་ཕུན་ཚོགས་ཀྱི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ་དང་། ཕུགས་བསམ་དང་དད་སེམས་ཞན་པ། གུང་ཁྲན་ཏང་མིའི་མཐའ་ཚད་མ་སྲུང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྣང་མེད་དུ་བཞག་པ། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་ལག་རྟགས་བླངས་པ་བཅས་དང་། དམིགས་བསལ་དབང་ཆའི་བསམ་བློ་ཚབས་ཆེ་བ་དང་གཞུང་འཁོར་སྒེར་སྤྱོད་བྱས་པ། མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུའི་གཏན་འབེབས་ལས་འགལ་ཏེ་སྒེར་གྱི་ཁང་པ་སྦ་གསང་བྱས་ནས་སྙན་སེང་ཞུས་མེད་པ། མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་དེ་མི་གཞན་ལ་སྤྲོད་དུ་བཅུག་པ། ལས་ཀའི་འགན་འཁྲི་ཡང་དག་པར་མི་སྒྲུབ་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་པ། མ་རབས་ཞེན་ཆགས་དོན་གཉེར་བྱས་ཏེ་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོར་ཞུགས་པ། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་གཉེར་བ་དང་། མི་གཞན་གྱི་རྒྱུ་ནོར་འབོར་ཆེན་བླངས་ཡོད། 
     ཟླ་བ་ཕུན་ཚོགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས། ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་ཆོག་ཤེས་མི་བྱེད་པ་དང་མཚམས་མི་འཇོག་པ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་ངོ་ཚ་མེད་པ་དང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་མོ་བྱེད་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣར་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ལྷ་ས་གྲོང་ཨུ་ལ་ཆོག་མཆན་ཞུས་རྗེས། ལྷ་ས་གྲོང་ཁྱེར་སྒྲིག་ཨུས་ཟླ་བ་ཕུན་ཚོགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ་དང་། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་ཀྱི་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།