འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷོ་ནུབ་ཁུལ་གྱི་གནའ་རྫས་རྟོག་ཞིབ་ལྟེ་གནས་ཐོག་མ་སི་ཁྲོན་ཁྲེང་ཏུའུ་རུ་བསྐྲུན་ཟིན་ནས་དངོས་སུ་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་27ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲེང་ཏུའུ་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་བསྐྲུན་པའི་ཁྲེང་ཏུའུ་གནའ་རྫས་རྟོག་ཞིབ་ལྟེ་གནས་དངོས་སུ་བསྐྲུན་ཟིན་པའི་མཛད་སྒོ་གཉེར་བ་རེད། ཁྲེང་ཏུའུ་གནའ་རྫས་རྟོག་ཞིབ་ལྟེ་གནས་ནི་འགྲེམས་སྟོན་དང་། ཚན་རིག་ཁྱབ་གདལ་སློབ་གསོ། རིག་གནས་བསམ་བཀོད་ཞིབ་འཇུག་གསར་སྤེལ། རིག་དངོས་སྲུང་སྐྱོང་། ལས་རིགས་ཞབས་ཞུ་སོགས་ནུས་པ་གཅིག་ཏུ་འདུས་ཤིང་། ལྷོ་ནུབ་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་། སྒྲིག་བཀོད་སྒྲིག་ཆས་ཆེས་སྔོན་ཐོན། ནུས་པ་ཆ་ཚང་ཤོས་བཅས་ཀྱི་གྲོང་ཁྱེར་གྱི་གནའ་རྫས་རྟོག་ཞིབ་ཚན་ཞིབ་དང་འགྲེམས་སྟོན་ལས་སྟེགས་ཤིག་རེད།
     གནའ་རྫས་རྟོག་ཞིབ་ཀྱི་ལས་ཀར་བརྒྱུད་རིམ་གང་དག་ཡོད་དམ། རྒྱུན་སྤྱོད་ཀྱི་ལུའོ་དབྱང་གི་སྦྱག་མར་རིགས་གང་དག་ཡོད་དམ། ས་འོག་ནས་ཐོན་པའི་རིག་དངོས་ནས་རྟེན་རྫས་བཤམས་མཛོད་ཁང་བར“བརྒྱུད་རིམ”གང་ཞིག་བརྒྱུད་དགོས་སམ། ཁྲེང་ཏུའུ་གནའ་རྫས་རྟོག་ཞིབ་ལྟེ་གནས་ནས་གནད་དོན་འདི་དག་གི་ལན་གསལ་པོ་ཞིག་རྙེད་ཐུབ། སྲོལ་རྒྱུན་གྱི་རྟེན་རྫས་བཤམས་མཛོད་ཁང་དང་བསྡུར་ན་ཁྲེང་ཏུའུ་གནའ་རྫས་རྟོག་ཞིབ་ལྟེ་གནས་སུ་རིག་དངོས་བཤམས་ཡོད་པ་མ་ཟད། ད་དུང་ཐོག་མའི་རྣམ་པ་སླར་གསོ་དང་མཉམ་འགུལ་མྱོང་རོལ་ལ་བརྟེན་ནས་གནའ་རྫས་རྟོག་ཞིབ་ཤེས་བྱ་ཁྱབ་གདལ་བཏང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཏུའུ་གནའ་རྫས་རྟོག་ཞིབ་ལྟེ་གནས་ཀྱི་ཁོངས་སུ་རིག་དངོས་སྲུང་སྐྱོབ་ལྟེ་གནས་དང་། ཚན་རྩལ་གནའ་རྫས་རྟོག་ཞིབ་ལྟེ་གནས། གནའ་བོའི་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ལྟེ་གནས། ཆ་འཕྲིན་ཚན་ཞིབ་དོ་དམ་ལྟེ་གནས་བཅས་ཚན་ཁག་ཆེ་གྲས་ཁ་ཤས་ཚུད་ཡོད། ལྟེ་གནས་ཁག་ཏུ་ཚོད་ལྟ་ཁང་མི་འདྲ་བ་དང་ཚན་ཞིབ་བར་མཐོངས་སོགས་བཙུགས་ཡོད་ལ། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་དང་གནའ་རྫས་རྟོག་ཞིབ་བརྒྱུད་རིམ་ལྷན་དུ་བསྟན་པ་བརྒྱུད། ཁྲེང་ཏུའུ་གནའ་རྫས་རྟོག་ཞིབ་ལྟེ་གནས་ཀྱིས་ཟུར་ཚད་གསར་རྐྱང་གི་ཐོག་ནས་གནའ་རྫས་རྟོག་ཞིབ་རྟེན་རྫས་བཤམས་མཛོད་ཁང་གི་ཁྱད་ལྡན་ཅན་གྱི་འགྲེམས་སྟོན་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།