འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདི་ཏང་དང་ལས་གནས་ནས་ཕུད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ཀྲུང་གུང་ཅང་ཞི་ཞིང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཅང་ཞི་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ཅང་ཞི་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི(གཤམ་དུ་ཅང་ཞི་དངུལ་ཁང་ཞེས་བསྡུ་རྒྱུ)ཡི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཞའོ་མིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 
    ཞིབ་བཤེར་བྱས་པ་བརྒྱུད། ཁྲེན་ཞའོ་མིང་གི་ཕུགས་བསམ་དད་སེམས་ཉམས་པ་དང་ཆབ་སྲིད་ཀྱི་འདུ་ཤེས་ཞན་པ། ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་ཡོད་པའི་གཏམ་བཤད་ཡོངས་བསྒྲགས་ངང་སྤེལ་བ། ཏང་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལས་ཚབས་ཆེན་འགལ་བ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་བླང་བྱ་དང་འགལ་ནས་དངུལ་རྩའི་ཉེན་ཁ་སྣང་མེད་དུ་བཏང་བ། བསམ་ངན་ཁོག་བཅུག་གིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱས་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྤུ་ཙམ་ཡང་མེད་པར་སྒྲིག་འཛུགས་དང་ཡིག་བསྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། རང་གི་གཉེན་ཉེ་ལ་ལས་གནས་བསྐོ་གཞག་བྱས་ཏེ་གནས་སའི་སྡེ་ཚན་གྱི་ཆབ་སྲིད་སྣོད་བཅུད་ལ་སྦགས་བཙོག་ཚབས་ཆེན་བཟོས། དམིགས་བསལ་དབང་ཆའི་བསམ་བློ་ཚབས་ཆེ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་ཏེ། ཚད་གཞི་ལས་བརྒལ་ནས་རྒྱས་སྤྲོས་ཆེ་བའི་གཞུང་དོན་ཁང་སྤྱད་པ། སྒྲིག་འགལ་ངང་ལག་རྟགས་དང་སྐྱེས་དངུལ་བླངས་པ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པའི་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱས་པ། སྤྱོད་པ་ངན་པ། མི་གཞན་དང་ཚུལ་མིན་གྱི་འབྲེལ་བ་བྱུང་བ། ཁྱིམ་ཚང་རྣམ་པའི་རུལ་སུངས་ཀྱི་སྤྱོད་ངན་ཤུགས་ཆེན་སྤེལ་བ་དང་། འཛེམ་བག་གཏན་ནས་མེད་པར་གཉེན་ཉེ་རྣམས་དངུལ་རྩའི་མ་ལག་ནང་ལས་ཀ་གཉེར་བ་དང་ལས་སྒོ་སྤེལ་བ་སོགས་ཀྱི་ཕྱོགས་ལ་ཁེ་ཕན་གཉེར་བ་དང་། གཉེན་ཉེ་རྣམས་ཀྱིས་ཁྲིམས་འགལ་ལུགས་དཀྲུག་གི་བྱེད་སྒོ་སྤེལ་བར་རྒྱ་ཡན་དུ་གཏོང་བ་དང་ཐ་ན་རོགས་རམ་བྱས་པ། འདོད་རྔམ་ཆེ་བ་དང་། དབང་ཆ་གང་འདོད་ལྟར་སྤྱད་པ། དངུལ་རྩའི་དངུལ་བུན་ཞིབ་མཆན་འགོད་པའི་དབང་ཆ་དེ་རྒྱུ་ནོར་བསྡུ་ལེན་བྱེད་པའི་ལག་ཆར་བརྩིས་པ། དབང་དངུལ་བརྗེ་འཚོང་བྱས་པ། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་བླངས་ཡོད། 
     ཁྲེན་ཞའོ་མིང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས། ལས་གནས་ཁྲིམས་འགལ་གྲུབ་པ་མ་ཟད། ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་དངུལ་བུན་གཏོང་བའི་ཉེས་གསོག་གི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་རང་ཚོད་མི་ཟིན་པ་དང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཅང་ཞི་ཞིང་ཆེན་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཅང་ཞི་ཞིང་ཨུ་ལ་ཆོག་མཆན་ཞུས་རྗེས། ཁྲེན་ཞའོ་མིང་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། ཅང་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ་དང་། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད།