འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྲོལ་རྒྱུན་གྱི་ཞིང་ལས་ལ་ཚན་རྩལ་གསར་པ་སྤྱོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་28ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་རུའུ་ཧྥ།
    འབྲས་རྔ་བསྡུའི་ནམ་དུས་སུ། ནན་ཅིང་གྲོང་ཁྱེར་ལིའུ་ཧོ་ཆུས་ཀྲུའུ་ཀྲེན་གྲོང་རྡལ་གྱི་འབྲུ་འདེབས་དུད་ཆེན་ཀྲང་ལི་ཡིའུ་ཡི་འབྲས་ཞིང་ནང་བརྔ་བསྡུ་འཕྲུལ་འཁོར་དང་འདྲུད་འཐེན་འཕྲུལ་འཁོར་སོགས་ཀྱིས་འབྲས་བརྔ་བསྡུ་དང་གྲོ་དང་པད་ཁ་འདེབས་པའི་ལས་ལ་བྲེལ་བཞིན་ཡོད་པ་རེད།
    “ང་ནི་སྲོལ་རྒྱུན་གྱི་ཞིང་ལས་བྱེད་མཁན་ཞིག་ཡིན། ད་ལྟ་ཞིང་འཕྲུལ་གྱི་བརྔ་བསྡུའི་བྱ་རིམ་ཚང་མ་ལག་ཐོགས་ཁ་པར་བརྒྱུད་སྒྲུབ་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཀྲང་ལི་ཡིའུ་ཡིས་བརྗོད། ཁོང་གིས་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུའི“བྱང་སྐར་སྤུན་བདུན་རིག་ལྡན་ཞིང་ལས་ཞབས་ཞུ”བརྒྱུད་ལས་སྒྲུབ་ཀྱི་རིགས་དང་། རྒྱ་ཁྱོན། མུའུ་རེའི་རིན་གོང་། སྤྱིའི་རིན་གོང་། དུས་ཚོད་དང་ས་གནས་བཅས་བྲིས་ཏེ་མངགས་ཐོ་བསྐྱལ་བས་ཞིང་འཕྲུལ་ཁ་ལོ་བས་མངགས་ཐོ་གང་མགྱོགས་རྩིས་ལེན་གྱི་ཡོད་པ་རེད།
    མངགས་ཐོ་དང་ལེན་བྱེད་མཁན་ནི་ནན་ཅིང་གྲོང་ཁྱེར་ལིའུ་ཧོ་ཆུས་ཅིའུ་མིང་ཞིང་འཕྲུལ་ཞབས་ཞུ་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཁང་གི་ལས་དོན་མི་སྣ་ཡིན་ཞིང་། མཉམ་ལས་ཁང་དེའི་འགན་འཁུར་བ་ཀྲུའུ་ཅིའུ་པའོ་ཡིས། ང་ཚོར་ལས་སྒྲུབ་འཕྲུལ་ཆས་ཁྱོན་100ལྷག་ཙམ་ཡོད། ཞིང་འཕྲུལ་ལ་བརྟེན་ནས་སྤྱི་འདོམས་བཀོད་སྒྲིག་བྱས་པ་བརྒྱུད་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་སོང་། དེ་སྔའི་དལ་བྲེལ་མི་སྙོམས་པའི་སྣང་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་སོང་ཞེས་གསར་འགོད་པར་བརྗོད།
    ལིའུ་ཧོ་ཆུས་ནི་རྒྱལ་ཡོངས་ཀྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གསར་གཏོད་ཚོད་ལྟའི་རྫོང་ཞིག་རེད། ནན་ཅིང་གྲོང་ཁྱེར་ལིའུ་ཧོ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཞིང་ལས་སྒྲིག་ཆས་ཁོའོ་ཡི་ཁོའོ་ཀྲང་ཧུའུ་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལིའུ་ཧོ་ཆུས་ཀྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་གྲངས་འཛིན་དོ་དམ་ལས་སྟེགས་སྤྱོད་འགོ་ཚུགས་རྗེས་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་59དང་། ཞིང་འཕྲུལ་ཁ་ལོ་བ་92 ཐོན་སྐྱེད་བྱེད་པོ་129 བྱང་སྐར་སྤུན་བདུན་ཕྱོགས་སྟོན་མ་ལག་བསྒར་བའི་ཞིང་འཕྲུལ་565བཅས་ལས་སྟེགས་ནང་ཞུགས་ཡོད་པ་རེད།
     “ཞིང་དུད་དང་ཞིང་འཕྲུལ་ཁ་ལོ་བས་དྲ་ཐོག་ཏུ་འབྲེལ་བ་བྱས་ནས་དྲ་ཕྱིར་སོག་མ་ཞིང་ནང་དུ་འཇོག་པ་དང་། འབྲས་ལྗང་འཛུགས་པ། བརྔ་བསྡུ་སོགས་ཞིང་འཕྲུལ་ལས་སྒྲུབ་ཞབས་འདེགས་ཞུ་གི་ཡོད”ཅེས་ཧུའུ་ཧུང་གིས་བརྗོད་པ་དང་། ཁོང་གིས་ལས་སྟེགས་ཀྱིས་ད་དུང་ཞིང་འཕྲུལ་བོགས་གཏོང་དང་ཉམས་བཟོ་དང་། ཞིང་ལས་ཐོན་རྫས་ལས་སྣོན། ཞིང་ལས་རྒྱུ་ཆ་མཁོ་འདོན་སོགས་ཀྱི་ཕྱོགས་བསྡུས་ཞིང་ལས་ཞབས་འདེགས་ཞུས་པས“ཞིང་འཕྲུལ་ཡོད་ཀྱང་ས་ཞིང་རྨོ་མཁན་མེད་པ་དང་། ས་ཞིང་ཡོད་ཀྱང་ཞིང་འཕྲུལ་མེད་པའི”གནད་དོན་རྦད་དེ་ཐག་གཅོད་ཐུབ་སོང་ཞེས་བརྗོད།
    ལིའུ་ཧོ་ཆུས་སུ་རིག་ནུས་ཅན་ཞིང་ལས་ཐོན་སྐྱེད་ཀྱི་ཕྱོགས་གང་སར་ཁྱབ་ཡོད། ནན་ཅིང་གྲོང་ཁྱེར་ལིའུ་ཧོ་ཆུས་ཐེན་ཝུའེ་ཞིང་ལས་ཞབས་ཞུ་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཁང་གིས་བཏོད་པའི“ཞིང་ལས་ཐོན་སྐྱེད་ལ་གཞིགས་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མཉམ་འདྲེས་ཞབས་ཞུའི་ལས་སྟེགས”ལ་ལྟ་སྐུལ་ཚོད་འཛིན་ཁྱབ་ཁོངས་ནང་གི་ས་ཞིང་དང་། རླུང་ཤུགས། ཆར་པ་འབབ་ཚད། ས་རྒྱུ། འོད་འཕྲོ་སོགས་བདམས་ནས་དུས་ཐོག་གྲངས་གཞིར་ལྟ་ཞིབ་བྱེད་ཆོག་པ་མ་ཟད། ད་དུང་བརྙན་ལམ་ལེགས་སྒྲིག་བྱས་ནས་ཞིང་ལས་ལོ་ཏོག་གི་ཁ་དོག་དང་། སྐྱེ་འཚར། ནད་དང་འབུའི་གནོད་འཚེ་ཡོད་མེད་སོགས་ལ་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད་པ་རེད།
     ཁ་ལོ་བ་མེད་པའི་རིག་ནུས་འབྲས་ལྗང་འཕྲུལ་འཁོར་གྱིས་མི་རྣམས་ཀྱི་ཁུར་པོ་ཡང་དུ་ཤུགས་ཆེན་བཏང་ཡོད། སྤྱིར་བཏང་གི་འབྲས་ལྗང་འཕྲུལ་འཁོར་དང་བསྡུར་ཚེ་ཁ་ལོ་བ་མེད་པའི་རིག་ནུས་འབྲས་ལྗང་འཕྲུལ་འཁོར་ལ་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་མ་ལག་མང་དུ་བཏང་ཡོད། ཚོད་འཛིན་འཕྲུལ་འཁོར་བརྒྱུད་གནས་གཏན་འཁེལ་གྱི་ཆ་འཕྲིན་བཀོད་སྒྲིག་བྱས་པས་སྐར་མ་10ཡི་ནང་ས་ཞིང་མུའུ་གཅིག་ལ་ལྗང་པ་འཛུགས་པའི་ལས་དོན་ལེགས་གྲུབ་ཐུབ་ནས་ལས་མི་སྤྱོད་པའི་མ་གནས་གྲོན་ཆུང་ཐུབ་པ་མ་ཟད། འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཀྱི་གནད་སྨིན་ཚད་གཞིའང་མཐོ་རུ་ཕྱིན་ཡོད་པ་རེད།
    བསྡོམས་རྩིས་ལ་གཞིགས་ན། 2022ལོར་ལིའུ་ཧོ་ཆུས་སུ་སྟོན་འདེབས་རྒྱ་ཁྱོན་མུའུ་ཁྲི་59.48ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་མུའུ་ཁྲི་2.82མང་དུ་ཕྱིན་པ་དང་། སྔོན་དཔག་བྱས་ན་སྟོན་འབྲུའི་ཐོན་ཚད་ཏུན་ཁྲི་30.5ཟིན་རྒྱུ་རེད།