འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀུའུ་ཐེ་ལེ་སིས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་གནང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་16ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་14ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས། གོ་ལ་ཧྲིལ་པོར་འབྱུང་འགྱུར་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགྲན་སློང་གལ་ཆེན་མང་པོ་འཕྲད་བཞིན་ཡོད་པས། རྒྱལ་ཁབ་ཉི་ཤུའི་ཚོགས་པས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཐབས་འཚོལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཀུའུ་ཐེ་ལེ་སིས་ཉིན་དེར་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་སྐབས་བཤད་དོན། གནམ་གཤིས་འགྱུར་ལྡོག་ནི་མིག་སྔར་མིའི་རིགས་ཀྱི་མདུན་དུ་འཕྲད་པའི་འགྲན་སློང་གཙོ་བོའི་ནང་གི་གཙོ་བོ་རེད། ཁོང་གིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འབད་བརྩོན་དེ་བས་ཆེ་བ་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལག་རྩལ་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་པ་ཟད། གནམ་གཤིས་ཐད་ཀྱི་མཐུན་སྒྲིལ་གྲོས་མཐུན་གང་མགྱོགས་འཇོག་དགོས་པའི་འབོད་སྐུལ་གནང་བ་རེད།
     ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་ནི་མིའི་རིགས་ཀྱི་མདུན་དུ་འཕྲད་པའི་འགྲན་སློང་གལ་ཆེན་གཞན་ཞིག་རེད། གོ་ལ་ཧྲིལ་པོའི་འབྲུ་རིགས་དང་ནུས་རྒྱུའི་རིན་གོང་མཐོ་བའི་རྒྱབ་ལྗོངས་འོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་བས་ཛ་དྲག་ཆེ་བའི་འགྲན་སློང་འཕྲད་ཡོད། ཁོང་གིས་སྟོབས་ཤུགས་དེ་བས་མང་བ་སྐུལ་སློང་བྱས་ནས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྗེས་ལུས་མི་ཐེབས་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཀུའུ་ཐེ་ལེ་སིས་ད་དུང་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་དང་གྲངས་གཞི་ཅན་གྱི་རིམ་སྤོར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡང་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན་པས། རྒྱལ་ཁབ་ཉི་ཤུ་ཚོགས་པས་འབྲེལ་ཡོད་ཁྱབ་ཁོངས་སུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།