འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདིས་རྒྱལ་ཁབ་ཡོངས་ཛ་དྲག་གི་གནས་སུ་གྱར་བ་ཁྱབ་བསྒྲགས་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་14ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཁོ་ལོམ་པི་ཡར་རྒྱུན་མཐུད་དྲག་ཆར་འབབ་པའི་གནམ་གཤིས་བསྟན་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན་32ཁྲོད་ཀྱི་ཞིང་ཆེན་26ལ་ཚད་གཞི་མི་འདྲ་བའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ཡོད། ཁོ་ལོམ་པི་ཡ་སྲིད་གཞུང་གིས་རྒྱལ་ཡོངས་ལ་རང་བྱུང་གནོད་འཚེའི་ཛ་དྲག་གནས་ཚུལ་ཐོན་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།
     ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་ལོམ་པི་ཡའི་རྒྱལ་ཁབ་གནོད་འཚེ་དང་ཉེན་ཁ་སྡེ་ཁག་གིས་བརྡ་ཁྱབ་བཏང་ཟིན་ཞིང་། མིག་སྔར་ཁོ་ལོམ་པི་ཡའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་390ལྷག་ཙམ་ཉེན་བརྡ་དམར་པོ་གཏོང་བའི་རྣམ་པར་སླེབས་ཡོད་པ་རེད། ནུབ་རྒྱུད་ཀྱི་ཁའོ་ཁྰ་ཧྲན་གོའུ་ཞིང་ཆེན་གྱི་སྡོད་ཁང་མང་པོ་ཞིག་ཆུ་ལོག་གི་ཆུའི་ནང་སྦངས་ཡོད་པ་དང་། ཆུའི་ཟབ་ཚད་པུས་མོར་སླེབས་པས་མི་རྣམས་ཀྱིས་ཁྱིམ་གྱི་དངོས་པོ་རྩ་ཆེན་དག་མཐོ་སར་འཇོག་གང་ཐུབ་བྱེད་ཀྱི་ཡོད།
     ཉིན་ཤས་གོང་། ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་ཡིས་ཁོ་ལོམ་པི་ཡས་འདས་ཟིན་པའི་ལོ་40ཙམ་རིང་ཆར་པ་བབས་མང་ཤོས་ཀྱི་དུས་ཚིགས་བརྒྱུད་བཞིན་ཡོད་ཅེས་བཤད་པ་རེད། 
     ངོ་སྤྲོད་བྱས་པར་གཞིགས་ན། ཁོ་ལོམ་པི་ཡའི་སྲིད་གཞུང་གིས་ཚེས་9ཉིན་ཁོ་ལོམ་པི་ཡའི་པི་སོའི་མ་དངུལ་སྒོར་དུང་ཕྱུར་21བཏང་ནས། གེགས་ཁུལ་ལ་ཛ་དྲག་གི་རོགས་སྐྱོར་དངོས་ཟོག་མཁོ་འདོན་བྱེད་པ་དང་། དེ་བཞིན་གནོད་སྐྱོན་ཕོག་པའི་མི་དམངས་བཀོད་སྒྲིག་བྱེད་པར་སྤྱད་ཡོད་པ་རེད།