འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་པེར་ཚན་རྩལ་སྤེལ་རེས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་རྒྱལ་སྤྱིའི་མཉམ་ལས་ཐད་གྲོས་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་14ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་པེར་ཚན་རྩལ་སྤེལ་རེས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་ཚོགས་ར་གཙོ་བོ་པེར་ཀྲེམ་གྱི་པུ་རུ་སེར་དང་། པེ་ཅིང་དང་། ཧོ་ཧྥེ། ཝུའུ་ཧན་བཅས་ཡན་ལག་ཚོགས་ར་གསུམ་དུ་འཚོགས་ཤིང་། རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ཁེ་ལས་མཁས་ཅན་གྱི་འཐུས་མི་200ལྷག་ཙམ་གྱིས་ཚན་རྩལ་གསར་གཏོད་འོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐུབ་པའི་ཐབས་ལམ་དང་རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་བརྗོད་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
     པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚའོ་ཀྲུང་མིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཚན་རྩལ་གསར་གཏོད་ཐད་ཀྲུང་གོ་དང་པེར་ཀྲེམ་ལ་རང་སོ་སོའི་ཁྱད་ཆོས་ལྡན་ལ་མཉམ་ལས་ཀྱི་མདུན་ལམ་ཡང་ཆེན་པོ་ཡོད་པས་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་འཕྲད་ཡོད། ཕྱོགས་གཉིས་པོས་དུས་ཡུན་རིང་པོའི་ནང་ཚན་རྩལ་སྤེལ་རེས་དང་མཉམ་ལས་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྨང་གཞིའི་ཞིབ་འཇུག་དང་། ཞིང་ལས། མཁའ་འགྲུལ། ཚེ་སྲོག་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་མང་པོའི་ཐད་གཡུར་ཟའི་མཉམ་ལས་ཀྱི་གྲུབ་འབྲས་བཏོད་ཡོད།
     ཁོང་གིས་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཉམ་དུ་སྒོ་དབྱེ་ཁོག་ཡངས་དང་གཉིས་ཁེ་གཉིས་ཕན་གྱི་རྒྱལ་སྤྱིའི་མཉམ་ལས་འདུ་ཤེས་བཅངས་ནས་ཕྱི་ཕྱོགས་ཀྱི་འགོག་རྐྱེན་བསལ་ཏེ། སྤེལ་རེས་དང་སྐད་ཆ་ཤོད་རེས་བྱས་པ་བརྒྱུད། ཀྲུང་གོ་དང་པེར་ཀྲེམ་དང་ཀྲུང་གོ་དང་ཡོ་རོབ་ལ་ཚན་རྩལ་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཐད་དགེ་མཚན་ལྡན་པའི་བྱ་བ་དངོས་མང་ཙམ་བསྒྲུབས་ནས། ཀྲུང་གོ་དང་པེར་ཀྲེམ་གྱི་ཚན་རྩལ་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་དང་། ལག་ལེན་བསྟར་མཁན། ལེགས་སྐྱེས་འབུལ་མཁན་བཅས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     བགྲོ་གླེང་ཚོགས་འདུ་སྒྲིག་འཛུགས་བྱེད་མཁན་གྱི་གྲས་དང་། བྱེས་སྡོད་ཕྱི་ཁོངས་ཀྲུང་གོ་བའི་ཆེད་ལས་མི་སྣའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཀྲི་ཨན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་སྐུ་མགྲོན་50ལྷག་ཙམ་གདན་དྲངས་ནས་བཟོ་ལས་ཐོན་རྫས་དང་། ཐཱན་ཉུང་འཕེལ་རྒྱས། ཨར་སྐྲུན་ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གཞན་སྒྱུར། བཟའ་བཅའི་ཞིང་ལས། ཀྲུང་གོ་དང་པེར་ཀྲེམ་གྱི་ཚན་རྩལ་སྤེལ་རེས་དང་མཉམ་ལས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ལྷག་བསམ་ཟོལ་མེད་ངང་གྲོས་བསྡུར་བྱས་པ་མ་ཟད། ཀྲུང་གོ་དང་པེར་ཀྲེམ་གྱི་ཚན་རྩལ་གསར་གཏོད་ཞིབ་འཇུག་གསར་སྤེལ་ཐད་འཕྲད་པའི་འགྲན་སློང་དང་གོ་སྐབས་ལ་དཔྱད་བསྡུར་ཡང་བྱས་པ་རེད།