འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།ཝང་ཏ་ཝུའེ་ཏང་དང་ལས་གནས་ནས་ཕུད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ལེའོ་ཉིང་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་གྱི་འགོ་འཛིན་གཞོན་པ། སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཐིང་ཀྲང་ཝང་ཏ་ཝུའེ་ཡི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 
     བརྟག་དཔྱད་བྱས་པ་བརྒྱུད། ཝང་ཏ་ཝུའེ་ཡི་ཕུགས་བསམ་དང་དད་སེམས་སྤུ་ཙམ་ཡང་མེད་པར་ཐོག་མའི་བསམ་འདུན་དང་ལས་འགན་རྒྱབ་ཏུ་བསྐྱུར་ནས་ཏང་ལ་བློ་དཀར་སེམས་དཀར་དང་དྲང་པོ་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས། སྒྲིག་འགལ་ངང་གཞན་གྱི་དངུལ་འབོར་ཆེན་བླངས་པ། ལས་བྱེད་པ་འདེམས་བསྐོ་བྱེད་པའི་ཁྲོད་དུ་མི་གཞན་ལ་ཁེ་ཕན་སྒྲུབ་པ་དང་། ལས་འགན་འཁུར་བའི་ས་ཁུལ་དང་མ་ལག་ལྡན་པའི་མི་སྣ་འདེམས་སྒྲུག་དང་བཀོལ་སྤྱོད་བྱེད་པའི་ལམ་ལུགས་དང་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་གཏོར་བརླག་ཚབས་ཆེན་བཟོས་པ། འཚོ་བ་རུལ་སུངས་དང་ཀུན་སྤྱོད་ངན་པ། དཔོན་གནས་ཆེན་པོ་བྱེད་འདོད་ཡོད། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ལས་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཐད་ཁེ་ཕན་སྒྲུབ་པ་དང་འབྲེལ་ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་བླངས་ཡོད།
     ཝང་ཏ་ཝུའེ་ཡིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས །འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས། ལས་གནས་ཐོག་ཁྲིམས་འགལ་ཚབས་ཆེན་གྲུབ་པ་མ་ཟད་ལྐོག་རྔན་བླངས་པའི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། མཚམས་མི་འཇོག་པ་དང་། རང་ཚོད་མི་ཟིན་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱ་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་རྗེས། ཝང་ཏ་ཝུའེ་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེར་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། དེའི་ལིའོ་ཉིང་ཞིང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་རྒྱུ་དང་། དེའི་ལེའོ་ཉིང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།