འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་28ཉིན།

༄༅།།ཁ་གསབ་རོགས་དངུལ་རིགས་10ལེན་ཆོག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་28ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ད་ལོ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཁེ་ལས་ལ་རོགས་རམ་དང་། དཀའ་ངལ་སེལ་བ། ལས་ཞུགས་བརྟན་པོ་དང་། དམངས་འཚོར་འགན་སྲུང་བྱེད་པའི་ལས་ཤོར་ཁ་གསབ་རོགས་དངུལ། གནས་སྐབས་འཚོ་བའི་ཁ་གསབ། ཐེངས་གཅིག་རང་བཞིན་གྱི་ལས་འཇོག་གསོ་སྦྱོང་གི་ཁ་གསབ། ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་བསྐྱེད་ཁ་གསབ་སོགས་ཡོད་པ་དངུལ་དེ་དག་ཁྱེད་ཀྱིས་བླངས་ཡོད་དམ། འགྲོ་ལུགས་གཉེར་བའི་ལས་རིམ་ཁ་གསལ་གཤམ་གྱི་ནང་དོན་ལ་ཞིབ་ཏུ་གཟིགས་རོགས། 
     1.ཐེངས་གཅིག་རང་བཞིན་གྱི་ལས་འཇོག་གསོ་སྦྱོང་གི་ཁ་གསབ་རོགས་དངུལ།
     2022ལོའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར། ཉེན་ཁ་ཆེ་འབྲིང་གི་རིམས་ནད་ས་ཁུལ་1ཡོད་པའམ་དེའི་ཡན་གྱི་གྲོང་ཁྱེར་རམ་རྫོང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་ནས་གནས་སྐབས་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་བྲལ་བའི་ཁེ་ལས་རིགས་ཁག་ལ། འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བ་རེར་སྒོར་500ལས་མི་བརྒལ་བའི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་འཇོག་གསོ་སྦྱོང་ཁ་གསབ་སྤྲོད་ཆོག་པ། 
     2.ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་བསྐྱེད་ཁ་གསབ།
     སློབ་མཐར་ཕྱིན་པའི་དུས་ཚོད་ནི་2022ལོའི་ཟླ་1ནས་ཟླ་12པའི་བར་ཡིན་ལ། མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་དཔང་ཡིག་ཐོབ་པའི་སློབ་མ་བསྡུས་ནས་ངལ་རྩོལ་གན་རྒྱ་བཞག་པ་མ་ཟད། དེར་ལས་ཤོར་འགན་བཅོལ་གྲོན་དངུལ་སྤྲད་ནས་ཟླ་1ཡན་གྱི་ཁེ་ལས་ལ། མི་གཅིག་བསྡུ་སྤྱོད་བྱས་པར་སྒོར་1500ལས་མི་བརྒལ་བའི་ཚད་གཞིར་གཞིགས་ནས་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་བསྐྱེད་ཁ་གསབ་སྤྲོད་ཆོག་པ་རེད།
     3.ལས་ཤོར་འགན་བཅོལ་དངུལ་ལེན་པ།
     འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་ནས་ལོ་གཅིག་ཡན་ལོན་པ་དང་། རང་ཉིད་ཀྱི་འདོད་མོས་ལྟར་ལས་ཞུགས་བྱེད་མཚམས་བཞག་པ་མིན་པའི་ལས་ཤོར་མི་སྣས། ལས་ཤོར་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིར་ལས་ཤོར་འགན་བཅོལ་གྲོན་དངུལ་ལེན་པར་རེ་ཞུ་བྱེད་ཆོག་པ་རེད། དེའི་ནང་ནས་མི་སྤྱོད་སྡེ་ཚན་དང་མི་སྒེར་གྱིས་རིམ་རྩིས་བྱས་ན་གྲོན་དངུལ་འཇལ་ནས་ལོ་1ལོན་ཡང་ལོ་5ཟིན་མེད་ཚེ། ལས་ཤོར་འགན་བཅོལ་མ་དངུལ་ལེན་པའི་དུས་ཚད་རིང་ཤོས་ནི་ཟླ་12ཡིན་པ་དང་། རིམ་རྩིས་བྱས་ན་གྲོན་དངུལ་འཇལ་ནས་ལོ་5ཟིན་ཡང་ལོ་10ལོན་མེད་ཚེ། ལས་ཤོར་འགན་བཅོལ་དངུལ་ལེན་པའི་དུས་ཚད་རིང་ཤོས་ནི་ཟླ་18ཡིན་པ་དང་། རིམ་རྩིས་བྱས་ན་གྲོན་དངུལ་སྤྲད་ནས་ལོ་10ཡན་ལོན་ཚེ། ལས་ཤོར་འགན་བཅོལ་དངུལ་ལེན་པའི་དུས་ཚད་རིང་ཤོས་ནི་ཟླ་24ཡིན་པ་རེད།
     4.ལས་ཤོར་གསབ་དངུལ་དང་སྐབས་འཕྲལ་འཚོ་བའི་གསབ་དངུལ་ལེན་པ།
     ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། ལས་ཤོར་འགན་བཅོལ་གྱི་དུས་ཡུན་ཐིམ་ཡང་ད་དུང་ལས་ཞུགས་ཐུབ་མེད་པའི་ལས་ཤོར་མི་སྣ་དང་། ལས་ཤོར་འགན་བཅོལ་གྱི་ཆ་རྐྱེན་དང་མི་མཐུན་པའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣར་ལས་ཤོར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། འགན་བཅོལ་ནང་ཞུགས་ནས་ལོ་1ཀྱང་མ་ལོན་པའི་ལས་ཤོར་ཞིང་པ་ལས་མིར་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་དགོས། འགན་སྲུང་ཁྱབ་ཁོངས་ནི་2022ལོའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་གསར་དུ་བྱུང་བའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣ་ཡིན།
     5.རྩལ་ནུས་མཐོར་འདེགས་གཏོང་བའི་ཁ་གསབ་ལེན་པ། 
     ལས་ཤོར་འགན་བཅོལ་མ་དངུལ་ལེན་མཁན་ལ་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་པར། དམའ་རིམ(རིམ་པ་ལྔ་བ)ལ་གཞིགས་ནས་སྒོར་1000ལས་མི་བརྒལ་བ་དང་། འབྲིང་རིམ(རིམ་པ་བཞི་བ)སྒོར་1500ལས་མི་བརྒལ་བ། མཐོ་རིམ(རིམ་པ་གསུམ་པ)སྒོར་2000ལས་མི་བརྒལ་བའི་ཚད་གཞི་ལྟར་རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་རེ་ཞུ་བྱེད་ཆོག འགན་བཅོལ་ནང་ཞུགས་པའི་ལས་བཟོ་བར་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཡོད་ཚེ། གཏན་འབེབས་ལྟར་རྩལ་ནུས་མཐོར་འདེགས་གཏོང་བའི་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། མི་རེར་ལོ་རེར་ཁ་གསབ་ལོངས་སྤྱོད་བྱེད་ཐེངས་མང་ཤོས་སུའང་ཐེངས་གསུམ་ལས་མི་བརྒལ་བ་བྱེད་དགོས། སྲིད་ཇུས་ལག་བསྟར་གྱི་དུས་བཀག་དེ་2022ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད། 
     6.སྤྱི་ཚོགས་འགན་བཅོལ་ཁ་གསབ་ལེན་པ།
     ཁེ་ལས་ཆུང་ཕྲན་གྱིས་སློབ་མཐར་ཕྱིན་པ་དང་སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་2ནང་ཚུན་དུ་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་སྤྱོད་བྱས་ནས། དེ་དང་ལོ་1ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་མ་ཟད། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཡང་འཇལ་སྤྲོད་བྱེད་ཀྱི་ཡོད་པ་དག་ལ། དེས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་དངོས་སུ་འཇལ་བའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ལ་གཞིགས་ནས་ཁ་གསབ་སྤྲོད་རྒྱུ་དང་། མི་སྒེར་གྱིས་འཇལ་བའི་ཆ་ཤས་ཚུད་མེད་པ་དང་དུས་ཚད་རིང་ཤོས་ལོ་1ལས་བརྒལ་གྱི་མེད།
     སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་2ནང་ཚུན་དུ་ལས་ཞུགས་མ་ཐུབ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་བབ་བསྟུན་ལས་ཞུགས་བྱས་རྗེས་འཇལ་སྤྲོད་བྱས་པའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ལ། གྲངས་འབོར་ངེས་ཅན་གྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་ཚད་གཞི་དེ་རྩ་དོན་ཐོག་དེས་དངོས་སུ་འཇལ་སྤྲོད་བྱས་པའི་འགྲོ་གྲོན་གྱི་གསུམ་ཆ་གཉིས་ལས་བརྒལ་མི་ཆོག ཁ་གསབ་སྤྲོད་ཡུན་རིང་ཤོས་ནི་ལོ་2ལས་བརྒལ་མི་རུང་།
     ལས་ཞུགས་དཀའ་བའི་མི་སྣ་བསྡུ་སྤྱོད་བྱས་པར་མ་ཟད་སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་ཡང་འཇལ་སྤྲོད་བྱེད་པའི་སྡེ་ཚན་དང་། དེ་བཞིན་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱུད་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་བཀོད་སྒྲིག་བྱེད་པ་དང་འབྲེལ་སྤྱི་ཚོགས་ཀྱི་འགན་བཅོལ་བྱེད་དངུལ་ཡང་འཇལ་སྤྲོད་བྱེད་པའི་སྡེ་ཚན་ལ། དེས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣར་དངོས་སུ་སྤྲད་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ། ལས་ཤོར་འགན་བཅོལ་གྲོན་དངུལ་བཅས་ལྟར་ཁ་གསབ་བྱ་དགོས།
     ལས་ཞུགས་དཀའ་ངལ་ཡོད་མཁན་ལ་བབ་བསྟུན་ལས་ཞུགས་བྱས་རྗེས་འཇལ་བའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ལ། གྲངས་འབོར་ངེས་ཅན་གྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་ཚད་གཞི་དེ་རྩ་དོན་ཐོག་དེའི་དངོས་སུ་འཇལ་བའི་འགྲོ་གྲོན་གྱི་གསུམ་ཆ་གཉིས་ལས་བརྒལ་མི་ཆོག ལས་ཞུགས་དཀའ་ཁག་ཅན་གྱི་སྤྱི་ཚོགས་འགན་བཅོལ་གསབ་དངུལ་གྱི་དུས་བཅད་དེ་ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་དང་བར་ཐག་ལོ་5མི་ལོངས་ན། ལས་འཁྱུར་ངལ་གསོའི་བར་དུ་བསྲིངས་ཆོག་པ་མ་ཟད་། མི་སྣ་གཞན་པ་ཆེས་རིང་ནའང་ལོ་གསུམ་ལས་བརྒལ་མི་ཆོག
     7.ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་ལེན་པ།
     སློབ་གྲྭ་ནས་ཁ་བྲལ་ནས་ལོ་2ནང་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ལོ་16ནས་24བར་གྱི་ལས་ཤོར་གཞོན་ནུ་ལས་ཞུགས་ལྟ་སྦྱོང་ནང་ཞུགས་པར་བསྡུ་ལེན་བྱས་པའི་སྡེ་ཚན་ལ། ཚད་གཞི་ངེས་ཅན་གྱི་ལས་ཞུགས་ལྟ་སྦྱོང་ཁ་གསབ་སྤྲོད་པ་དང་། ལྟ་སྦྱོང་སྡེ་ཚན་གྱིས་ལྟ་སྦྱོང་མི་སྣའི་ལྟ་སྦྱོང་རིང་གི་གཞི་རྩའི་འཚོ་བའི་འགྲོ་གྲོན་སྤྲོད་པ། ལྟ་སྦྱོང་མི་སྣར་མི་ལུས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་བྱེད་པ། དེ་བཞིན་ལྟ་སྦྱོང་མི་སྣར་མཛུབ་ཁྲིད་དང་དོ་དམ་བྱེད་པའི་འགྲོ་གྲོན་སྤྲོད་པ་བཅས་ལ་སྤྱོད་རྒྱུ་རེད། ལྟ་སྦྱོང་མི་སྣའི་ལྟ་སྦྱོང་དུས་ཚད་ཐིམ་རྗེས་ལས་གཉེར་བ་བསྡུ་ལེན་བྱེད་ཚད་50%ཡན་ཟིན་པའི་སྡེ་ཚན་ལ། ལྟ་སྦྱོང་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་དགོས། ལྟ་སྦྱོང་དུས་སུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ངལ་རྩོལ་གན་རྒྱ་བཞག་མེད་ཚེ། ལྟ་སྦྱོང་སྡེ་ཚན་ལ་དུས་བཀག་ལྷག་མའི་ལྟ་སྦྱོང་ཁ་གསབ་སྤྲོད་དགོས།
     8.ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་ལེན་པ། 
     ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཁེ་ལས་ཆུང་ཕྲན་ཐོག་མར་གཉེར་བའམ་ཡང་ན་མི་སྒེར་གྱི་གཉེར་སྐྱོང་བྱས་པ་མ་ཟད། གཉེར་བའི་ཁེ་ལས་སམ་ཡང་ན་སྒེར་གཉེར་བཟོ་ཚོང་དུད་ཚང་གིས་བཟོ་ཚོང་ཐོ་འགོད་བྱས་ཉིན་ནས་བཟུང་། རྒྱུན་གཏན་ལྟར་གཉེར་སྐྱོང་བྱས་ནས་ལོ་1ཡན་ལོན་པའི་སློབ་གྲྭ་ནས་ཁ་བྲལ་ནས་ལོ་2ནང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣ། ཕ་ཡུལ་དུ་ལོག་མཁན་ཞིང་པ་ལས་མི་བཅས་ལ་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྤྲོད་དགོས། 
     9.ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་ལེན་པ།
     སློབ་མཐར་ཕྱིན་པའི་སློབ་ལོ་ལ་ལས་ཞུགས་དང་ལས་གཏོད་བྱེད་འདོད་ཡོད་པ་མ་ཟད་ལས་འཚོལ་ལས་གཏོད་ཧུར་ཐག་བྱེད་པའི་མ་མཐའི་འགན་སྲུང་ཁྱིམ་ཚང་དང་། དབུལ་ཕོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། དེ་སྔ་ཡིག་ཚགས་དང་ཁཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁྲོད་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད)མཐར་ཕྱིན་སློབ་མ། དབང་པོ་སྐྱོན་ཅན་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཐོབ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་པ)མཐར་ཕྱིན་སློབ་མ་བཅས་ལ་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲོད་དགོས། 
     10.ལས་རིགས་གསོ་སྦྱོང་གི་ཁ་གསབ་དང་ལས་རིགས་རྩལ་ནུས་གསལ་འབྱེད་ཀྱི་ཁ་གསབ་ལེན་པ།
     ལས་ཞུགས་ནུས་རྩལ་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་ལ་ཞུགས་པའི་དབུལ་ཕོངས་ཁྱིམ་དུད་ཀྱི་བུ་ཕྲུག་དང་། མཐར་ཕྱིན་ལོ་འཁོར་གྱི་མཐར་ཕྱིན་སློབ་མ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མུ་མཐུད་སློབ་རིམ་འཕར་མ་ཐུབ་པའི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ། གྲོང་གསེབ་ཀྱི་གནས་སྤོས་ལས་ཞུགས་ངལ་རྩོལ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ་སོགས་མི་ཚོགས་རིགས་ལྔ་ལ། གསོ་སྦྱོང་བྱས་རྗེས་ལས་རིགས་ཐོབ་ཐང་དཔང་ཡིག་ཐོབ་པར(ཡང་ན་ལས་རིགས་རྩལ་ནུས་རིམ་པའི་དཔང་ཡིག་དང་། ཆེད་དོན་ལས་རིགས་ནུས་པའི་དཔང་ཡིག གསོ་སྦྱོང་ཚད་མཐུན་དཔང་ཡིག)ཚད་གཞི་ངེས་ཅན་གྱི་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྤྲོད་དགོས། ལས་རིགས་རྩལ་ནུས་གསལ་འབྱེད་ཐོག་མ་བྱས་པ་དང་འབྲེལ་ལས་རིགས་ཐོབ་ཐང་དཔང་ཡིག་ཐོབ་པའི(གསོ་སྦྱོང་ཚད་ལོན་དཔང་ཡིག་ཚུད་མེད་པ)མི་ཚོགས་རིགས་ལྔ་ལ་ལས་རིགས་རྩལ་ནུས་གསལ་འབྱེད་ཁ་གསབ་སྤྲོད་དགོས།