འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་26ཉིན།

༄༅།།མི་དམངས་ཤོག་སྒོར་གྱི་རྒྱུ་ནོར་ལ་གོ་ལ་ཧྲིལ་པོའི་མ་དངུལ་འཇོག་མཁན་གྱི་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཅུང་ཆེན་པོ་ལྡན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་26ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། རང་རྒྱལ་གྱིས་དངུལ་རྩའི་ཁྲོམ་རའི་སྒོ་མོ་འབྱེད་པར་མུ་མཐུད་སྐུལ་འདེད་བཏང་བས། གོ་ལ་ཧྲིལ་པོའི་མ་དངུལ་འཇོག་པའི་ངོས་ནས་བརྗོད་ན་མི་དམངས་ཤོག་སྒོར་གྱི་རྒྱུ་ནོར་ལ་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཅུང་ཆེན་པོ་ལྡན་ཡོད། 2021ལོའི་ལོ་མཇུག་བར་རྒྱལ་ཁོངས་ཕྱིའི་བྱེད་པོར་རྒྱལ་ཁོངས་ནང་གི་མི་དམངས་ཤོག་སྒོར་གྱི་མ་རྐང་དང་། བུན་འཛིན། དངུལ་བུན། བཅོལ་དངུལ་སོགས་དངུལ་རྩའི་རྒྱུ་ནོར་དབང་བའི་བསྡོམས་གྲངས་སྒོར་དུང་ཕྱུར་ཁྲི་10.83ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.5%འཕར་ཡོད།
     ཉིན་ཤས་གོང་། མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི《2022ལོའི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་སྐོར་གྱི་སྙན་ཞུ》ནས་མངོན་པར། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུའི་དམིགས་ཚད་ཁག་སྤྱིའི་ཆ་ནས་ལེགས་སུ་འགྲོ་བ་དང་། མི་དམངས་ཤོག་སྒོར་གཏོང་སྤྲོད་ཀྱི་དངུལ་ལོར་ནུས་པ་བརྟན་པོའི་ངང་ཆེ་རུ་འགྲོ་བ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་དངུལ་ལོར་ནུས་པ་སྔར་བས་ཆེ་རུ་འགྲོ་བ། གསོག་འཇོག་དངུལ་ལོར་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། རིན་གོང་རྩིས་རྒྱག་དངུལ་ལོར་གྱི་ནུས་པ་རིམ་བཞིན་ཆེ་རུ་འགྲོ་ཡི་ཡོད།
     གྲངས་གཞི་ལས་མངོན་པར། མི་དམངས་ཤོག་སྒོར་རྒྱལ་སྒྲོལ་སྤྱོད་ཚད་མུ་མཐུད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། 2022ལོའི་ལོ་སྟོད་དུ་མི་དམངས་ཤོག་སྒོར་རྒྱལ་སྒྲོལ་གཏོང་ལེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་20.32ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་15.7%འཕར་བ་དང་། དུས་མཚུངས་ཀྱི་རང་དངུལ་དང་གཞན་དངུལ་རྒྱལ་སྒྲོལ་གཏོང་ལེན་བསྡོམས་གྲངས་ཁྲོད་བཟུང་བའི་བསྡུར་ཚད་49.1%བར་འཕར་ཡོད།
     སྙན་ཞུའི་ནང་བསྟན་པར། མི་དམངས་དངུལ་ཁང་གིས་རྒྱལ་སྒྲོལ་ཚོང་དོན་གཉེར་བ་དང་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྐབས་མི་དམངས་ཤོག་སྒོར་གྱི་དུས་རྩིས་རྒྱག་པ་སོགས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲོམ་རའི་བྱེད་པོས་མི་དམངས་ཤོག་སྒོར་སྤྱད་དེ་རྒྱལ་སྒྲོལ་དུས་རྩིས་རྒྱག་པའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་པས། རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ལས་སྒོས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
     2022ལོའི་ལོ་སྟོད་དུ་རྒྱུན་གཏན་གྱི་རྣམ་གྲངས་དང་ཐད་ཀར་མ་འཇོག་བྱས་པར་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་བརྒྱབ་པའི་དངུལ་འབོར་བསྡོམས་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་6ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་23%འཕར་བ་དང་། དངོས་ཟོག་ཉོ་ཚོང་ཁྲོད་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་བརྒྱབ་པ་དེས་བཟུང་བའི་བསྡུར་ཚད་16.6%བར་མཐོ་རུ་ཕྱིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.9མཐོ་རུ་ཕྱིན་པ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གཉེར་སྐབས་མི་དམངས་ཤོག་སྒོར་གྱི་དུས་རྩིས་བརྒྱབ་པའི་དངུལ་འབོར་སྒོར་དུང་ཕྱུར་4317ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.7%འཕར་ཡོད།
     སྙན་ཞུའི་ནང་བརྗོད་དོན། རགས་རྩིས་ལྟར་ན། ཕྱི་རྒྱལ་གྱི་ལྟེ་བའི་དངུལ་ཁང་ངམ་ཡང་ན་དངུལ་ལོར་དབང་འཛིན་ལས་ཁུངས་80ལྷག་ཙམ་གྱིས་མི་དམངས་ཤོག་སྒོར་འདི་ཉིད་ཕྱི་དངུལ་གྲབས་གསོག་བྱེད་པའི་ཁོངས་སུ་འཇུག་རྒྱུ་རེད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་གྲངས་གཞིར་གཞིགས་ན། 2022ལོའི་དུས་ཚིགས་དང་པོར་གོ་ལ་ཧྲིལ་པོའི་ཕྱི་དངུལ་གྲབས་གསོག་ཁྲོད་མི་དམངས་ཤོག་སྒོར་གྱིས་བཟུང་བའི་བསྡུར་ཚད་2.88%ཟིན་པ་དེ། 2016ལོར་མི་དམངས་ཤོག་སྒོར་དམིགས་བསལ་དངུལ་ལེན་དབང་ཆ(SDR)དངུལ་ལོར་སྡེབ་སྒྲིག་ནང་ཞུགས་མ་ཐག་པའི་སྐབས་ལས་བརྒྱ་ཆའི་གྲངས་1.8མཐོ་རུ་ཕྱིན་ཡོད།
     མི་དམངས་དངུལ་ཁང་གིས་དུས་མཚམས་རྗེས་མར་མི་དམངས་ཤོག་སྒོར་རྒྱལ་སྒྲོལ་བེད་སྤྱོད་ཀྱི་རྨང་གཞིའི་ལམ་ལུགས་བཀོད་སྒྲིག་སྔར་བས་བརྟན་པོ་བྱས་ཏེ། དངོས་ཚན་སྡེ་ཚན་གྱི་མི་དམངས་ཤོག་སྒོར་བེད་སྤྱོད་ཀྱི་དགོས་མཁོ་སྐོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་དངུལ་རྩའི་ཁྲོམ་རས་ཕྱོགས་གཉིས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་ཤོག་སྒོར་གྲུ་ཁར་ཡོད་པ་དང་གྲུ་ཁ་དང་བྲལ་བའི་ཁྲོམ་ར་འཁོར་རྒྱུག་ཡག་པོ་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད།